འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་30ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལོ་ཚོགས་སྐབས་གྱ་གཅིག་པ་པང་ཁོག་ཏུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་30ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་དུ་གྲོང་ཁྱེར་པང་ཁོག་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལོ་ཚོགས་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་གྱ་གཅིག་པ་ཚེས་21ནས་25ཉིན་བར་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་འཚོགས་པ་དང་། སྐབས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ས་ཁོངས་མཉམ་ལས་བྱས་ནས་གྲོང་ཁྱེར་གྱི་མཉེན་ལྡན་རྒྱུན་མཐུད་ཆོག་པའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་དེ་རེད།

     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལག་བསྟར་དྲུང་ཡིག་ཨཱ་ལི་སི་ཞ་པཱ་ནཱ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་སྐབས། དུས་ཡུན་རིང་པོའི་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གྲོང་ཁྱེར་འཕེལ་རྒྱས་ནི་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཤིག་ཡིན་མོད། འོན་ཀྱང་མགྱོགས་མྱུར་གྲོང་ཁྱེར་ཅན་དུ་གྱུར་བ་དེས་སྤྱི་ཚོགས་དང་ཁོར་ཡུག་གི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་བརྗོད། ཁོང་གིས་ཇི་ལྟར་བྱས་ནས་གྲོང་ཁྱེར་འཕེལ་རྒྱས་དང་འཁོར་སྐྱོད་བྱས་ཏེ་གྲོང་ཁྱེར་དེ་ཉིད་གསར་གཏོད་དང་། མཉེན་ལྡན། གཞུང་དྲང་བཅས་ཀྱི་ལྟེ་བར་བསྒྱུར་རྒྱུར་བསྐྱར་དུ་བསམ་གཞིག་བྱེད་དགོས་ཞེས་བརྗོད།

     ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན་གྱིས་གཏམ་བཤད་སྤེལ་སྐབས་རྒྱལ་སྒྲོལ་ས་སྒྲོལ་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་ཆེད། ཕྱོགས་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ནས་བསྟུན་མཁས་རང་བཞིན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་བརྗོད་པ་དང་། ཁོང་གིས་དམིགས་ཚད་དེ་དག་མངོན་འགྱུར་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་ལས་སྟེགས་དང་ཕྱོགས་མང་གྲོས་མཐུན་གྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད།

     ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིག་གཞི་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། སྒོ་དབྱེའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དང་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕན་ཚུན་འབྲེལ་མཐུད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་སྒུལ་ཤུགས་དེ་བས་ཆེ་བ་སྣོན་འདོད་ཡོད་ཅེས་བརྗོད་པ་རེད།