གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་29ཉིན། 14:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་ཚོད་ལྟའི་རྣམ་གྲངས་13གཅིག་རྗེས་གཉིས་མཐུད་སྤེལ་འགོ་ཚུཌ་ཤིང་། དེའི་ནང་སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་ལས་སློབ་གསོར་བཏོན་པའི་བླང་བྱ་གསར་པར་དམིགས་ནས། རང་རྒྱལ་གྱིས་མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤྱི་འདོམས་བཀོད་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་ཅིང་། སློབ་གནས་ཐོན་ཁུངས་ཀྱི་དགོས་མཁོ་དང་མཁོ་སྤྲོད་ཁོང་དུ་གནད་སྨིན་ཆུད་པར་བྱས་ནས་སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་ལས་བྱུང་བའི་ཤུཌ་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་བཞིན་ཡོད་པ་རེད།
ཚེས་27ཉིན། ཅང་ཤིས་ནན་ཁྲང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་གྱི་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུའི་ཐོག སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཝང་ཅ་དབྱི་ཡིས། སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་སྐྱོད་འཕེལ་ཕྱོགས་ཀྱིས་ཡུལ་བབ་དང་བསྟུན་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་ཤེས་ལྡན་པའི་གསོ་སྐྱོང་སྤུས་ཚད་མཐོ་རུ་གཏོང་བར་བླང་བྱ་གསར་པ་བཏོན་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་གྲུབ་ཚུལ་བསྐྱར་སྒྲིག་དང་། སློབ་གསོའི་འགན་སྲུང་ལམ་སྲོལ་བསྐྱར་བཟོ། སློབ་ཁྲིད་དང་སློབ་སྦྱོང་བྱེད་སྟངས་ལེགས་སྒྱུར་བཅས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་སྦྱིན་ཡོད་ཅེས་བརྗོད་པ་རེད།
གོམ་སྟབས་རྗེས་མར། ས་གནས་ཁག་གིས་སློབ་མཚམས་ཁག་གི་སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་དང་སློབ་གསོའི་ཐོན་ཁུངས་ཀྱི་དགོས་མཁོར་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བའི་ལམ་ལུགས་རིམ་བཞིན་བཟོས་ཏེ། སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་འགྲོ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་གནད་སྨིན་བྱེད་པ་དང་། སློབ་གྲྭའི་འཆར་འགོད་སྔོན་ལ་བཀོད་སྒྲིག་དང་འགུལ་རྣམ་ལེགས་སྒྲིག་བྱེད་པ། སློབ་མཚམས་ཁག་གི་སློབ་གསོའི་ཐོན་ཁུངས་འབྲེལ་མཐུད་བེད་སྤྱོད་བྱེད་པ། གྲོང་གསེབ་ཀྱི་སློབ་གྲྭ་ཡག་པོ་གཉེར་ནས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། སྔར་བས་ལུགས་མཐུན་དང་ནུས་ཆེའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལམ་སྲོལ་ལ་བརྟེན་ནས་རྨང་གཞིའི་སློབ་གསོའི་སློབ་གཉེར་མ་ལག་ཕྱོགས་ཡོངས་ནས་བསྐྱར་སྐྲུན་དང་སློབ་གསོའི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)