གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་29ཉིན། 10:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་ལ་མུའུ་ཐུའུ་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་26ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་དྲུག་པ་ཨ་ལ་མུའུ་ཐུའུ་རུ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ནུར་ཐེ་ལེ་ཝུའུ། ཁེར་གྷི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུ་ལུའུ་པ་ཡེ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧོ་ལི་ཏིན། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་སའེ་དབྱི་ཏུའོ་ཧྥུའུ། ཏུར་མེན་སི་ཐན་གྱི་འཐུས་མི། དེ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡའི་ལམ་སྲོལ་གྱི་དྲུང་ཆེ་བཅས་ཞུགས་པ་རེད། ད་ཐེངས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ནས་ལོ་འདིའི་ནང་འཚོག་རྒྱུའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཕྱོགས་ཡོངས་ཀྱི་ཆབ་སྲིད་གྲ་སྒྲིག་བྱ་རྒྱུ་དང་འབྲེལ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་འབྲེལ་གཏུག་ཟབ་མོ་བྱ་རྒྱུ་རེད།
ཝང་དབྱི་ཡིས་བརྗོད་དོན། མིག་སྔར། ཨ་རི་ཕྱོགས་ཀྱིས་རང་འདོད་མཐའ་འཁྱོལ་ངང་རྒྱལ་ཁབ་180ལྷག་ཙམ་ལ་རང་དགར་སྒོ་ཁྲལ་སྣོན་བསྡུ་བྱས་པ་དེས་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་ལ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གནོད་འཚེ་བཏང་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོར་གཏོར་བཤིག་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ངོ་རྒོལ་བྱས་པ་ནི་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད་ཡིན་ལ་རྒྱལ་སྤྱིའི་སྒྲིག་སྲོལ་སྒྲིག་ལམ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་ཀྱང་ཡིན། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར། འཛམ་གླིང་དང་གོ་སྐབས་མཉམ་སྤྱོད་བཅས་བྱ་རྒྱུ་དང་ཆབས་ཅིག འཁུར་དགོས་ངེས་ཀྱི་རྒྱལ་སྤྱིའི་འགན་འཁྲི་མུ་མཐུད་འཁུར་བ་དང་སྒྲུབ་དགོས་ངེས་ཀྱི་རྒྱལ་སྤྱིའི་འོས་འགན་བསྒྲུབ་རྒྱུ་ཡིན། ཝང་དབྱི་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་ཁག་5བཏོན་པ་སྟེ།
གཅིག་ནི་ཡིད་རྟོན་མཛའ་མཐུན་དོན་གཉེར་རྒྱུན་འཁྱོངས་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་གཙོ་བདག་གི་ཕྱི་འབྲེལ་གྱི་འཐབ་ཇུས་་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པའི་གྲ་སྒྲིག་ཁག་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་རྩ་བའི་གཞི་འཛིན་སར་བྱས་ནས་རྒྱལ་ཁབ་དྲུག་གི་ཁྱིམ་མཚེས་མཛའ་མཐུན་དང་མཐུན་སྒྲིལ་ཡིད་ཆེས་ཀྱི་ཆབ་སྲིད་རྨང་གཞི་བརྟན་པོ་འཛུགས་དགོས།
གཉིས་ནི་གཉིས་ཕན་མཉམ་ལས་མཐའ་འཁྱོངས་བྱེད་དགོས་ཤིང་། སྟབས་བདེ་ཅན་གྱི་བྱེད་ཐབས་སྔར་ལས་མང་བ་བཟོས་ནས་ལག་བསྟར་བྱས་ཏེ་ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་དགོས།
གསུམ་ནི་ལམ་སྲོལ་འཛུགས་སྐྱོང་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལམ་སྲོལ་གྱི“གདུང་བཞི་ཀ་བརྒྱད”འཛུགས་མགྱོགས་སུ་བཏང་སྟེ་གཙོ་གནད་ཁྱབ་ཁོངས་12ཀྱི་པུའུ་རིམ་པའི་མཉམ་ལས་ལམ་སྲོལ་གྱི་ནུས་པ་སྔར་ལས་ལེགས་པར་འདོན་དགོས།
བཞི་ནི་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཏེ་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བར་དྲན་གསོ་ཞུ་དགོས།
ལྔ་ནི་མི་རབས་ནས་མི་རབས་བར་མཛའ་མཐུན་རྒྱུན་འཁྱོངས་བྱེད་དགོས་ཤིང་། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་རྒྱུན་འཁྱོངས་ཀྱིས་ཕན་ཚུན་བསམ་ཤེས་ཟབ་ཏུ་བཏང་སྟེ་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་རྒྱུན་སྐྱོང་དགོས།
ཚོགས་ཞུགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོ་དང་ཆུ་ཚད་མཐོ་བའི་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་ནུས་པ་གལ་ཆེན་བཅས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དྲུག་གི་གཙོ་བདག་གི་ཤིས་ཨན་དབུ་ཚོགས་ཀྱི་ཐུན་མོང་ངོས་འཛིན་མཛུབ་ཁྲིད་དུ་བྱས་ནས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལམ་ཚད་རྡོ་རིང་གསར་པ་གཏོད་རྒྱུ་རེད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚོང་དོན་ཤར་གཏོང་དང་། ཐོན་ལས་མ་འཇོག ཕན་ཚུན་འབྲེལ་མཐུད། ལྗང་མདོག་གཏེར་ལས། ཞིང་ལས་དེང་རབས་ཅན། མི་སྣ་འགྲོ་འོང་སྟབས་བདེ་ཅན་སོགས་སྔོན་ལ་ལག་བསྟར་གྱི་མཉམ་ལས་ཕྱོགས་གཏིང་ཟབ་ཏུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་བར་བྱ་རྒྱུ་རེད།“ཕྱོགས་གཏོགས་གསུམ”དང་རྒྱལ་སྒྲོལ་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་རེད།