འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་29ཉིན།

༄༅།།ཀྲུང་གོ་དང་མ་ལེ་ཞི་ཡས“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”མཉམ་ལས་ཀྱི་ལེའུ་གསར་བརྩམས་པ།

ཀྲུང་གོ་དང་མ་ལེ་ཞི་ཡས“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”མཉམ་ལས་ཀྱི་ལེའུ་གསར་བརྩམས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་29ཉིན། 10:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཀྲུང་གོའི་ཀོང་ཤིས་སུ་གནས་པའི་ཀྲུང་མའི་ཆིན་ཀྲོའུ་ཐོན་ལས་གླིང་དུ་སྐྱོད་སྐབས། འཛུགས་སྐྲུན་གྱི་རྒྱུ་ཆ་བླུགས་པའི་ཟོག་འཁོར་ཆེན་པོ་ཕར་འགྲོ་ཚུར་འོང་བྱེད་པ་དང་། ལམ་གྱི་གཞོགས་གཉིས་སུ་འདེགས་འཁོར་དང་ས་འབུད་འཕྲུལ་འཁོར་གྱིས་ལས་ཀ་བྱས་ཏེ། རྣམ་གྲངས་གསར་པ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་འདུག

    “གླིང་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་བཅའ་སྡོད་ཁེ་ལས་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་ཀྲུང་མའི་ཆིན་ཀྲོའུ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙུའོ་ཁུང་ཐེན་གྱིས་བཤད་པ་དང་། ཁོང་གིས། 2024ལོའི་ཟླ་བཅུ་གཉིས་པའི་བར། རིམ་རྩིས་བརྒྱབ་ན་ཐོན་ལས་གླིང་ཁུལ་གྱི་དུས་ཐེངས་དང་པོར་རྣམ་གྲངས་345ལ་མིང་རྟོགས་བཀོད་ནས་དོན་འཁྱོལ་བྱས་པར་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1060དང་། ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་451.4ཟིན་པ་དང་། དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་དངུལ་ཨ་སྒོར་དུང་ཕྱུར་8.22ཟིན་ཡོད་ཅེས་བཤད།

གླིང་ཁུལ་གྱི་གཅིག་སྡུད་ཕན་ནུས་ཆེན་པོ་ཐོན་པ།

     “གླིང་ཁུལ་དུ་ཁེ་ལས་བཅའ་སྡོད་བྱས་ཚེ་ཀོང་ཤིས་རང་མོས་ཉོ་ཚོང་ཁུལ་ཆིན་ཀྲོའུ་གྲུ་ཁ་ཡུག་ཁུལ་གྱི་དཔྱ་ཁྲལ་རྩ་ཆག་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གམ”“དངོས་ཟོག་ཆིན་ཀྲོའུ་གྲུ་ཁར་འབྱོར་དུས་ཐད་ཀར་ས་ཚིགས་ལ་དབོར་ན་འགྲིག་གམ”ལ་སོགས། ཀྲུང་མའི་ཆིན་ཀྲོའུ་ཐོན་ལས་གླིང་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཁེ་ལས་ཀྱི་འགན་འཁུར་བ་མང་པོས་འབྲེལ་ཡོད་ཀྱི་སྲིད་ཇུས་སྐོར་འདྲི་བཞིན་འདུག ཐོན་ལས་གླིང་དེ་སྔོན་མའི་སྤྱི་ལེ་ངོས་གྲུ་55ལས་མེད་པའི་གླིང་ཁུལ་རྐྱང་པ་ཞིག་ནས“གླིང་གཅིག་ཁུལ་མང”བར་འཕེལ་རྒྱས་ཕྱིན་ནས་ལམ་རྒྱུད་ཀྱི་གནས་སྐབས་གྲུ་ཁའི་ཐོན་ལས་གླིང་ཁུལ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཐོན་ལས་མཉམ་ལས་ཁུལ། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ཆིན་ཀྲོའུ་གྲུ་ཁའི་ཡུག་ཁུལ། ཆིན་ཀྲོའུ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་ཀྱི་བྱེད་ནུས་ཁུལ་མང་དུ་ཕྱིན་ཏེ། ལས་སྟེགས་ཀྱི་ལེགས་ཆ་དང་ཐོན་ལས་མཉམ་ལས་ཀྱི་ཕན་ནུས་བསྡུ་སྒྲིལ་ཐུབ་ཡོད།

ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ།

     2019ལོར་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དུ་བཅའ་སྡོད་བྱས་པའི་རྣམ་གྲངས་ཐོག་མ་མཉམ་འབྲེལ་ངར་ལྕགས་རྣམ་གྲངས་ཕྱོགས་ཡོངས་ནས་ཐོན་སྐྱེད་ལས་གཉེར་བྱས་པ་ནས་བཟུང་། ད་ཆ་ལོར་ཐོན་སྐྱེད་བྱེད་ནུས་ཏུན་ཁྲི་350ལས་བརྒལ་ནས་མ་ལེ་ཞི་ཡའི་ཆེས་ཆེ་ཤོས་དང་ཆེས་སྔོན་ཐོན་གྱི་ལས་རིམ་ཧྲིལ་པོའི་བཟོ་རྩལ་ངར་ལྕགས་ཁེ་ལས་ཀྱི་གྲས་ཤིག་ཏུ་གྱུར་ནས་ཐོན་རྫས་གོ་ལ་ཧྲིལ་པོར་འཚོང་གི་ཡོད། “མཉམ་འབྲེལ་ངར་ལྕགས་གིས་མ་ལེ་ཞི་ཡའི་ངར་ལྕགས་ལས་རིགས་ལ་ངོ་བོའི་འཕོ་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་དེས་མ་ལེ་ཞི་ཡ་འདི་ཉིད་ངར་ལྕགས‘ནང་འདྲེན་རྒྱལ་ཁབ’ནས‘ཕྱིར་གཏོང་རྒྱལ་ཁབ’ལ་གྱུར་ཡོད”ཅེས་མཉམ་འབྲེལ་ངར་ལྕགས(ཏ་མ)ཚོགས་པ་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་དང་སྤྱི་ཁྱབ་ཅིང་ལི་ཧུའུ་ཅིའུ་ལིན་གྱིས་བཤད།

འཕེལ་རྒྱས་ཀྱི་ལས་སྟེགས་རྒྱ་ཆེར་ཕྱིན་པ།

     མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དུ་གསར་འགོད་པ་རྒྱ་སྐད་བྱང་ཆུབ་པར་བཤད་ཐུབ་པའི་མཉམ་འབྲེལ་ངར་ལྕགས་ཁེ་ལས་དོ་དམ་པུའུ་ངལ་རྩོལ་འབྲེལ་བ་ཚོགས་པའི་གཙོ་གཉེར་བ་ཁའེ་ལི་ཐུག་བྱུང་། 2017ལོར་ལས་ཞུགས་བྱས་པའི་ཁའེ་ལི་ཡིས་ཀུང་སི་བཙུགས་པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་བར་དང་། དེ་ནས་ད་ལྟའི་ས་གནས་ཀྱི་ངར་ལྕགས་ལས་རིགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་བདེན་དཔང་བྱས་ཤིང་། ཁོང་གིས“ང་ཆུང་དུས་ནས་ཕ་མ་གཉིས་པོས་རྒྱ་ཡིག་སློབ་གྲྭར་སློབ་སྦྱོང་བྱེད་པར་བཏང་ཡོད། རྒྱ་ཡིག་ཡག་པོ་སྦྱངས་ཚེ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཡག་པོ་ཡོང་ངེས་ལུགས་རྟག་ཏུ་བརྗོད་ཀྱི་ཡོད། ཁོང་གཉིས་པོས་བཤད་པ་དངོས་གནས་བདེན་པ་རེད་འདུག”ཅེས་བཤད།

    ཁའེ་ལི་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཀོན་ཏན་བ་ཞིག་ཡིན་ཞིང་། མ་ཀྲུང་ཀོན་ཏན་ཐོན་ལས་གླིང་ནས་ཁོང་གི་ཁྱིམ་བར་རླངས་འཁོར་ལ་བསྡད་ཚེ་སྐར་མ་བཅུ་གྲངས་ལས་འགོར་གྱི་མེད། “སློབ་ཆེན་འགྲིམས་པའི་སྐབས་སུ། ངས་འདི་གར་མ་ཀྲུང་མཉམ་ལས་ཀྱི་ཐོན་ལས་གླིང་ཞིག་འཛུཌ་རྒྱུ་ཡིན་པའི་སྐོར་ཐོས་བྱུང་། ཐོག་བརྩེགས་ཁང་ཆེན་དང་བཟོ་གྲྭ་རེ་རེ་བཞིན་བསྐྲུན་པ་མཐོང་སྐབས། ས་གནས་འདིའི་གཞོན་ནུ་མང་པོས་ཐོན་ལས་གླིང་དུ་ལས་ཀ་འཚོལ་བར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཁའེ་ལི་ཡིས་བཤད་པ་དང་། ཁོང་གིས། མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གིས་ཀོན་ཏན་གྲོང་ཁྱེར་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་བ་མ་ཟད། ས་གནས་ལའང་ལས་ཞུགས་ཀྱི་གོ་སྐབས་མང་པོ་སྦྱིན་ཡོད་ཅེས་བཤད།

     ཉེ་ཆར། ཀོན་ཏན་གྲུ་ཁ་ནས་བྱང་ངོས་མཚོ་ཁུག་བར་གྱི་གྲང་ཕྲེང་མཚོ་ལམ་ཡག་ཤོས་ཤར་གཏོང་ཐུབ་པ་དང་། ཀྲུང་གོ་དང་མ་ལེ་ཞི་ཡའི“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”ཀྱི་མཉམ་ལས་དུས་སྐབས་གསར་པར་སླེབས་ཡོད། མ་ལེ་ཞི་ཡ་འགྲིམ་འགྲུལ་པུའི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་ཡིས། མཚོ་ལམ་གསར་པ་འདི་ནི་ཟོག་འགྲེམས་ཀྱི་བགྲོད་ལམ་ཞིག་ཡིན་པ་མ་ཟད། མ་ཀྲུང་གི་ཡུན་རིང་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད་ཅེས་བཤད་པ་རེད།