གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་29ཉིན། 10:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་4ཚེས་21ཉིན། གསར་འགོད་པས་2025ལོའི་ཤེས་བྱའི་བདག་དབང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2024ལོར་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། 2025ལོར་མཚོ་སྔོན་གྱིས་ཤེས་བྱའི་བདག་དབང་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་བྱའི་བདག་དབང་གསར་གཏོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། ཤེས་བྱའི་བདག་དབང་གཞན་སྒྱུར་དང་སྤྱོད་ཚད་མགྱོགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ། ཤེས་བྱའི་བདག་དབང་གི་འཁོར་འབྲེལ་ཧྲིལ་པོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། ཤེས་བྱའི་བདག་དབང་གི་ཞབས་ཞུ་མཁོ་སྤྲོད་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་ལྔ་ཡི་ཐད་ནས་ཤེས་བྱའི་བདག་དབང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
2024ལོར། ཤེས་བྱའི་བདག་དབང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་སུ་ཞིང་ཆེན་ཤེས་བྱའི་བདག་དབང་ཅུས་ཀྱི་སྒོ་བྱང་བཀལ་བ་དང་། ནང་ཁུལ་དུ་ཁྲུའུ་དང་ཁང་3གསར་དུ་བཙུགས་པ་མ་ཟད། ཞིང་ཆེན་རིམ་པའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལྟེ་གནས་གསར་དུ་བསྐྲུན་ཡོད། སྲིད་ཇུས་ཀྱི་ལྕག་འདེབས་ལ་བརྟེན་ནས་ཁེ་བེད་བདག་ཐོབ་5134གསར་དུ་བསྣན་པ་དང་ཚོང་རྟགས་7056ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་28.2%དང་35.7%སོ་སོར་འཕར་བ་དང་། རིམ་རྩིས་བརྒྱབ་ན། ཁེ་བེད་བདག་ཐོབ་ཁྲི་3.92ལ་དབང་ཆ་སྤྲད་པ། ཚོང་རྟགས་ཁྲི་8.27ཐོ་འགོད་བྱས་པ། མི་འབོར་ཁྲི་རེར་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་གྲངས་འབོར་1.77དབང་བ་བཅས་མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱས་ཡོད།
2025ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཤེས་བྱའི་བདག་དབང་གི“གཅིག་རེ་ལྔའི”ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་སྤེལ་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་སྡོམ་ཚོད་སྐོར་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩོམ་བཟོའི་ལས་དོན་ཡག་པོ་བསྒྲུབས་ནས་སྲོལ་ཡིག་བཟོ་བཅོས་ལ་གཞོགས་འདེགས་བྱ་རྒྱུ་དང་། གཙོ་གནད་ཐོན་ལས་ལ་དམིགས་ཏེ་རིན་ཐང་མཐོ་བའི་ཤེས་བྱའི་བདག་དབང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་བེད་བདག་ཐོབ་གཞན་སྒྱུར་བྱ་སྤྱོད་མུ་མཐུད་སྤེལ་ནས་ཁྲོམ་རའི་རིན་ཐང་འཕེལ་བ། སྲུང་སྐྱོང་མ་ལག་གི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཀུན་ཕན་འདུ་འགོད་སྤེལ་བ་དང་ཞབས་ཞུ་མཁོ་སྤྲོད་ལེགས་སུ་བཏང་སྟེ་ཤེས་བྱའི་བདག་དབང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།