ཤར་རླུང་བབས་ཐང་གྲ་སྒྲིག་བྱས་ཟིན་ནས་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཕྱིར་ལོག་པར་བསུ་བ་ཞུ་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་28ཉིན། 14:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཟླ་4ཚེས་25ཉིན་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བརྒྱབ་པའི་ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་དང་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གི་མཉམ་འཛོམས་འདྲ་པར་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅིན་ལི་ཝང་གིས་པར་བརྒྱབ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། མི་བཞུགས་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་བདེ་བླག་ངང་སྦྲེལ་མཐུད་ཐུབ་རྗེས། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་འཕུར་གྲུའི་ཕྱིར་ལོག་གྲུ་ཁང་ནས་འཁོར་ལམ་གྲུ་ཁང་དུ་འཛུལ་ཡོད། པེ་ཅིང་གི་དུས་ཚོད་2025ལོའི་ཟླ་4ཚེས་25ཉིན་གྱི་ཆུ་ཚོད་1དང་སྐར་མ་17གྱི་ཐོག འཁོར་ལམ་ཐོག་ལས་འགན་སྒྲུབ་མཁན་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས“ཁྱིམ་གྱི་སྒོ”བདེ་བླག་ངང་ཕྱེ་སྟེ། ཐག་རིང་ནས་ཡོང་བའི་ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱེད་པར་བསུ་བ་ཞུས་པ་དེ་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལོ་རྒྱུས་ཐོག་གི“བར་སྣང་དུ་མཉམ་འཛོམས”བྱེད་ཐེངས་དྲུག་པ་ཡིན་ལ། བཀོད་འདོམས་དཔོན་གཉིས་ལོ་3སོང་རྗེས་སླར་ཡང“སུམ་རྩེན་ཕོ་བྲང”དུ་མཉམ་འཛོམས་བྱུང་བ་ཞིག་ཀྱང་རེད། དེ་རྗེས་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གཉིས་པོས་ལྷན་འཛོམས་འདྲ་པར་བརྒྱབ་ནས་ཁོང་ཚོར་སེམས་ཁུར་བྱེད་མཁན་རྒྱལ་ཡོངས་མི་དམངས་ལ་མཉམ་དུ་ཁམས་བདེའི་འཚམས་འདྲི་ཞུས་པ་རེད།
དེའི་རྗེས་སུ་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གཉིས་ཀྱིས་བར་སྣང་ས་ཚིགས་ཀྱི་འཁོར་ལམ་ཐོག་ལས་འགན་བརྗེ་རེས་བྱ་རྒྱུ་རེད། དེའི་རིང་འཇིག་རྟེན་འཕུར་སྐྱོད་པ་དྲུག་པོས་མཉམ་དུ་བར་སྣང་ས་ཚིགས་སུ་ཉིན་ལྔ་ཙམ་ལས་ཀ་དང་འཚོ་བ་བསྐྱལ་ནས་སྔོན་གཏན་འཁེལ་བའི་ལས་དོན་ཁག་ལེགས་སྒྲུབ་བྱ་རྒྱུ་རེད།
ཤིན་ཧྭ་གསར་འགྱུར་ཁང་ཅིའུ་ཆོན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་4ཚེས་25ཉིན་ཤར་རླུང་བབས་ཐང་གིས་ཁོངས་གཏོགས་ཡོངས་ཀྱི་ཕྱོགས་བསྡུས་ནང་སྦྱོང་མཐའ་མ་ལེགས་སྒྲུབ་བྱས་པ་དང་འཚོལ་སྐྱོབ་སྟོབས་ཤུགས་ཚང་མས་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཕྱིར་ལོག་པར་བསུ་བ་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་ཟིན་ཡོད། འཆར་གཞི་ལྟར་ན། ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཟླ་4ཚེས་29ཉིན་སའི་གོ་ལར་ཕྱིར་ལོག་བྱ་རྒྱུ་རེད།