གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་28ཉིན། 14:40】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཞུས་ཡུས་ཡའོ།
ལྷ་མོའི་ཁྱིམ་གྱི་སྟབས་བདེའི་ཁང་པའི་ནང་སླར་ཡང་འབྱོར་སྐབས་འདི་གར་སྐྱིད་སྣང་དོད་པའི་འཚོ་བའི་རྣམ་པས་ཁེངས་འདུག་པ་སྟེ། བྱིས་པའི་རྩེད་ཆས་དང་གྱོན་ཆས་ཉལ་ཁྲིའི་ཐོག་བཞག་ཡོད་ལ། ཁང་པ་བཙན་ལ་དྲོ་སྐྱིད་ལྡན་པ་ཞིག་ཡོད། བོད་ལྗོངས་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་ཁང་པ་ཆུང་ཆུང་འདིར་ཁོང་ཚོ་ནང་མི་ཚོས་ཟླ་བ་གསུམ་ལྷག་ཙམ་འཚོ་བ་བསྐྱལ་ཡོད།
ས་ཡོམ་བརྒྱབ་ནས་ཡུན་རིང་སོང་ཡང་འཚོ་བའི་དངོས་ཟོག་དང་། ཆུ། གློག ལམ། དྲ་བ། འཕྲིན་གཏོང་བཅས་ཀྱི་གནས་ཚུལ་དག་ལྷ་མོའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་གནད་དོན་ཞིག་གཏན་ནས་མིན། སྐབས་ཤིག་རིང་ཁོ་མོ་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་བ་ནི་འཕེལ་རྒྱས་དང་འབྱུང་འགྱུར་གང་ཞིག་བྱུང་མིན་དེ་ཡིན། ཐ་ན་མཚན་གུང་དུ་གཉིད་ལས་སད་སྐབས་སྔོན་ཆད་ཀྱི་ཁྱིམ་གཞིས་མེད་པར་གྱུར་པས་སླད་ཕྱིན་གང་འདྲ་བྱེད་དགོས་བསམ་མྱོང་ཡོད།
འོན་ཀྱང་སྟབས་བདེའི་ཁང་པ་མང་པོ་དང་། གྲོང་མི་ཚོའི་ཁང་པའི་དུ་ཁུང་ལས་དུ་བ་འཕྱུར་བ། ཁང་པའི་ནང་དངོས་ཟོག་གང་དགོས་ཅི་ཡོད་མཐོང་སྐབས། རང་གིས་རང་ལ“ཐམས་ཅད་རིམ་བཞིན་ཡག་ཏུ་འགྲོ་ངེས་རེད”ཅེས་བརྗོད་ཀྱི་ཡོད།
ས་བབ་མཐོ་པོ་ཡོད་པས། དིང་རིའི་དཔྱིད་ཀ་ཡུལ་གཞན་ལས་ཅུང་འཕྱི་བ་ཡོད། དེ་གར་ཟླ་4པར་གཞི་ནས་དཔྱིད་འདེབས་བྱེད་འགོ་བརྩམས་ཀྱི་ཡོད། ཇོ་མོ་གླང་མའི་རི་གཤམ་གྱི་ས་ཞིང་དག་ས་རྒྱུ་གཤིན་པོ་དེ་ཙམ་མེད་ཀྱང་ཡུལ་དེ་གའི་གྲོང་མི་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་ས་ཞིག་ཡིན་ལ། བརྩེ་བ་འཆང་ས་ཞིག་ཀྱང་ཡིན།
ལྷ་མོས་སོན་འབྲུ་རེ་རེ་ཞིང་ནང་དུ་གཏོར་བཞིན“འདི་ལོ་ཐོན་འབབ་ཡག་པོ་ཞིག་ཡོང་བར་ཤོག”ཅེས་སྨོན་ལམ་བཏབ།
འདི་ལོའི་ཟླ་དང་པོར་དིང་རིར་གློ་བུར་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ལྷ་མོའི་ཁྱིམ་ཡོམ་ལྟེར་གནས་ཡོད། སྐབས་དེའི་གནས་ཚུལ་ཁོ་མོས་ད་ལྟའང་སེམས་ནང་གསལ་ལེར་དྲན་གྱི་ཡོད་པ་སྟེ། ཉེ་འཁོར་གྱི་དངོས་ཟོག་ཡོད་ཚད་འགུལ་གྱི་ཡོད་ལ། གྱང་གས་པ་དང་ཐོག་རྡིབ་ཀྱི་ཡོད། ཁོ་མོ་དང་ཕྲུ་གུ་གྱང་ཟུར་ཞིག་ཏུ་གབ་པས་ཏག་ཏག་རྡིབ་སའི་བར་གསེང་དུ་འཁེལ་ཏེ་འཆི་ཉེན་ལས་ཐར། དེ་དུས་ཉེ་འཁོར་གྱི་ཡོད་ཚད་མུན་ནག་གི་འཇིག་རྟེན་དུ་འགྱུར་ནས་རེ་སྒུག་བྱ་རྒྱུ་ལས་མ་འདས། ཅུང་མ་འགོར་བར་མིག་མདུན་དུ་འོད་སྣང་ཞིག་མངོན་རྗེས་ལི་མདོག་གི་གོས་གྱོན་པའི་རོགས་སྐྱོབ་པ་དོན་གྲུབ་རྒྱལ་མཚན་དང་མིག་དམར་བཀྲ་ཤིས་ཀྱིས་ཁོང་གཉིས་བསྐྱབས། དུས་དེ་ནས་བཟུང་ཁོང་ཚོའི་དབར་ཧ་ཅང་འདྲིས་པོ་ཆགས།
ཟླ་བ་ཁ་ཤས་སོང་རྗེས། དོན་གྲུབ་རྒྱལ་མཚན་དང་མཉམ་དུ་གྲོང་ཚོར་སྐྱོད་སྐབས་ཁོང་ལ་ས་ཆ་གང་དག་ཏུ་མི་བསྐྱབས་མྱོང་བའི་སྐོར་དྲི་དུས། ཕོ་རྒོད་དེས་མགོ་གཡུག་གཡུག་བྱེད་བཞིན“སྐབས་དེར་ས་འོག་ནས་མི་སྐྱོབ་རྒྱུའི་དངངས་སྐྲག་གིས་ཞིབ་ཕྲའི་གནས་ཡུལ་དྲན་གྱི་མིན་འདུག”ཅེས་བཤད།
མི་དེ་དག་གི་ཁྲོད་ལྷ་མོ་ནི་ཁོང་གིས་རྒྱུས་མངའ་ཆེ་ཤོས་དེ་ཡིན་ལ། ལྷ་མོའི་ངོས་ནས་བརྗོད་ནའང་དོན་གྲུབ་རྒྱལ་མཚན་ནི་ཁོང་ཚོའི་སྲོག་སྐྱོབ་དྲིན་ཆེན་ཡིན། ས་ཡོམ་བརྒྱབ་རྗེས། དིང་རིའི་དུས་ཆེན་དང་པོ་དེར། དོན་གྲུབ་རྒྱལ་མཚན་གྱིས་གསར་དུ་ངོ་ཤེས་པའི“གྲོགས་པོ་རྙིང་པར”བལྟ་བར་བསྐྱོད། ལྷ་མོའི་བུ་བསྟན་འཛིན་དོན་ལྡན་གྱིས“ཨ་ཁུ་ལགས་ངའི་ཁྱིམ་ནས་ཁ་བྲལ་སྐབས་ངས་ཁོང་ལ་ང་རང་ཉིད་ཀྱིས་དགའ་ཤོས་བྱེད་པའི་ཚགས་ཤ་སྐམ་པོ་སྤྲད་པ་ཡིན”ཞེས་ཕྱིར་དྲན་བྱེད་བཞིན་བཤད།
ཟླ་བ་འདི་དག་ནང་། དོན་གྲུབ་རྒྱལ་མཚན་རྟག་ཏུ་ལྷ་མོའི་ཁྱིམ་བརྒྱུད་དེ་འགྲོ་དགོས་ཀྱང་ཁྱིམ་དུ་སྡོད་ཁོམ་གཏན་ནས་བྱུང་མེད། དེ་ཡང་གེགས་རྗེས་བསྐྱར་སྐྲུན་ཐད་གློག་ཞིབ་བཤེར་དང་མེ་ཟོན་སོགས་ད་དུང་ལས་ཀ་མང་པོར་བྲེལ་དགོས་པས་རེད། ལྷ་མོས་ཀྱང་ཁོང་ཚོ་ལས་བྲེལ་ཆེན་པོ་ཡོད་པ་ཤེས་ནས་གད་མོ་འཚེར་འཚེར་དང་མགོ་བོ་ལྕོག་ལྕོག་བྱེད་པ་ལས་སུན་པོ་གཏན་ནས་བཟོ་མྱོང་མེད།
ལི་མདོག་དང་། སྔོན་པོ། དམར་པོ་བཅས་ཚོན་མདོག་མི་གཅིག་པའི་གོས་གྱོན་པའི་རོགས་སྐྱོབ་རུ་ཁག་དང་། ཉེན་རྟོག་པ། དང་བླངས་པ་སོགས་ཀྱིས་རོགས་སྐྱོབ་ནས་བསྐྱར་སྐྲུན་བར་ཐོག་མཐའ་བར་གསུམ་དུ་གེགས་ཁུལ་གྱི་རོགས་སྐྱོབ་ལས་ལ་བྲེལ་བཞིན་ཡོད། དིང་རིར་མི་མང་པོ་ཞིག་གིས“རོགས་སྐྱོབ་མི་སྣ་མཐོང་སྐབས་རྒྱབ་རྟེན་བརྟན་པོ་ཞིག་དང་འདྲ་བར་བདེ་འཇགས་ཚོར་སྣང་ཆེན་པོ་ཞིག་སྦྱིན་གྱི་འདུག”ཅེས་བརྗོད་ཀྱི་འདུག ཇོ་མོ་གླང་མའི་རི་འདབས་སུ་འཚོ་བ་སྐྱེལ་མཁན་ཁོང་ཚོས་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་དེ་ཐེངས་མང་མཐོང་མྱོང་ཡོད། འོན་ཀྱང་འདི་ལོ་ཚུན་ཁོང་ཚོས་མཐོང་བའི་ལས་དོན་པ་དག་ཁོང་ཚོའི་སེམས་ནང་གི་ཇོ་མོ་གླང་མ་ལས་མཐོ་བའི་རྒྱབ་རྟེན་རེ་རེར་གྱུར་ཡོད།
(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)