རྡོ་རྗེ་གཡང་འབུམ་གྱིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་28ཉིན། 10:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྡོ་རྗེ་གཡང་འབུམ་གྱི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དགོན་གོང་མ་གྲོང་ཚོར་ཡོད་ཅིང་། སློབ་ཕྱིའི་ཀློག་དེབ་དཀོན་པས། ཁོང་ཆུང་དུས་ནས་ལྟོགས་པས་ཟས་འདོད་པ་བཞིན་དཔེ་དེབ་ལ་དགའ་མོས་ཟབ་མོ་ལྡན། “ཆུང་དུས་སུ་ཀློག་ཆོག་པའི་སློབ་ཕྱིའི་དཔེ་དེབ་ཧ་ཅང་ཉུང་བས། རྫོང་དུ་བསྐྱོད་ནས་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་སྐབས་སློབ་གྲྭའི་དཔེ་མཛོད་ཁང་གིས་འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་བྱེད་པའི་སྒོ་མོ་ཕྱེ་སོང་། སློབ་གསེང་གི་སྐབས་སུ་སློབ་གྲོགས་ཚོས་རྒྱུན་དུ་འདི་གར་དཔེ་ཀློག་དང་སྤེལ་རེས་བྱེད་ཀྱི་ཡོད། དཔེ་དེབ་ལས་ང་ཚོས་ཕ་ཡུལ་ཙམ་མ་ཡིན་པར་ཡུལ་ཁམས་གཞན་དག་མཐོང་བྱུང”ཞེས་ཁོང་གིས་བརྗོད།
2013ལོར་ལས་ཀའི་ནང་ཞུགས་སྐབས་རྡོ་རྗེ་གཡང་འབུམ་ནི་དཔལ་དགེ་གྲོང་རྡལ་རིག་གནས་ས་ཚིགས་ཀྱི་ལས་དོན་པ་ཞིག་ཡིན། ས་ཚིགས་སུ་སླེབས་དུས་ཁོང་རང་ཧང་སངས་པ་ཞིག་ནི་རིག་གནས་ས་ཚིགས་ཀྱི་དཔེ་དེབ་ཧ་ཅང་ཉུང་བ་དང་། བྱེད་སྒོ་སྒྲིག་འཛུགས་བྱེད་སྐབས་མང་ཚོགས་དེ་བས་ཀྱང་རེ་གཉིས་ལས་མེད་པ་རེད།
དཔེ་དེབ་གང་ནས་རག་ཐབས་བྱེད་དགོས་སམ། ཚང་མ་རིག་གནས་བྱེད་སྒོར་ཞུགས་པའི་བརྩོན་སེམས་ཇི་ལྟར་སྐུལ་སློང་བྱེད་དམ། དེའི་ཐད་རྡོ་རྗེ་གཡང་འབུམ་དང་ཁོང་གི་ལས་རོགས་ཀྱིས་དུད་ཁྱིམ་རེ་རེར་སོང་ནས་བརྟག་དཔྱད་བྱས་ཏེ་གྲོང་མིའི་དགོས་མཁོ་དང་བསམ་འཆར་རེ་རེ་བཞིན་ཟིན་བྲིས་བརྒྱབ་ཅིང་། ཁོང་གི་ཟིན་བྲིས་དེབ་ནང“དཔེ་དེབ་ཀྱི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་ཚོགས་མི་འདྲ་བའི་དཔེ་ཀློག་གི་དགོས་མཁོ་སྐོང་དགོས”“རིག་གནས་བྱེད་སྒོ་མང་ཚོཌ་དང་འབྲེས་འདྲིས་ཐུབ་མི་འདུག”སོགས་ཟིན་བྲིས་མང་པོ་བརྒྱབ་འདུག
ཕྱོགས་མང་པོར་འབྲེལ་གཏུག་བྱས་རྗེས། རྐང་ཚ་རྫོང་རིག་གནས་ཁང་གིས་མ་དངུལ་བཏང་ནས་ཞིང་ལས་ལག་རྩལ་དང་། བྱིས་པའི་ཀློག་དེབ། མི་སྣ་གྲགས་ཅན་གྱི་རྣམ་ཐར་སོགས་ཚུད་པའི་དཔེ་དེབ་ཁ་གྲངས་2000ལྷག་ཙམ་སྤྲད་པ་རེད། རྫོང་རིག་གནས་ཁང་གིས་ད་དུང་བརྙན་འཕྲིན་དང་བརྙན་སྟོན་འཕྲུལ་ཆས་སོགས་མཁྲེགས་ཆས་སྒྲིག་ཆས་སྤྲད་པར་བརྟེན། རིག་གནས་ས་ཚིགས་ཀྱི་དཔེ་ཀློག་ཁོར་ཡུག་ལ་ཉམས་བཟང་གསར་པ་མངོན།
2015ལོར། དཔལ་དགེ་གྲོང་རྡལ་རིག་གནས་ས་ཚིགས་ཀྱིས་ཞིང་པའི་དཔེ་དེབ་ཁང་ཆེད་མངགས་བཙུགས་ཤིང་། ད་ཆ་དཔེ་དེབ་སྣ་ཚོགས་གྲལ་འགྲིག་པོར་སྒྲིག་ཡོད་པ་དང་། དཔེ་དེབ་ཀློག་པ་མ་ཟད་མི་སེར་ཚོས་ད་དུང་དཔེ་དེབ་ཁང་དུ་མིག་མངས་རྩེ་བ་དང་འཁྲབ་ཚན་ནང་སྦྱོང་སོགས་ཀྱང་བྱེད་ཐུབ། རྡོ་རྗེ་གཡང་འབུམ་གྱིས་ད་ཆ་དཔལ་དགེ་གྲོང་རྡལ་གྱི་གྲོང་ཚོ་དང་སྡེ་ཁུལ་ཚང་མར་ཞིང་པའི་དཔེ་ཁང་ཁྱབ་ཡོད་པ་དང་དཔེ་ཁང་ཚང་མར་དཔེ་དེབ་1500ལྷག་ཙམ་ཡོད་ཅེས་བརྗོད་པ་རེད།
“གོ་མཐའི་ས་ནས་གོམ་གཅིག་མ་བརྒལ་བར། ། འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་། ། ཞེས་པ་ནི་དཔེ་ཀློག་གི་ཕན་འབྲས་རེད”ཅེས་རྡོ་རྗེ་གཡང་འབུམ་གྱིས་བཤད།
རྡོ་རྗེ་གཡང་འབུམ་གྱིས་ད་དུང་དམངས་ཕན་སྲིད་ཇུས་ཁག་དང་། བཅའ་ཁྲིམས་ཁྲིམས་སྲོལ། གསོ་སྤེལ་འདེབས་འཛུགས་ལག་རྩལ་སོགས་ཞིང་འབྲོག་མང་ཚོགས་ལ་མཁོ་གལ་ཆེ་བའི་ཤེས་བྱ་བོད་སྐད་དུ་བསྒྱུར་ནས་གྲོང་ཚོའི་ནང་སྒྲོག་འགྲེལ་དང་མཉམ་སྤྱོད་བྱས་པ་མ་ཟད། ཚང་མའི་བསམ་འཆར་རྒྱ་ཁྱབ་ངང་ཉན་ནས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་དུས་སྟོན་སོགས་དང་ཟུང་འབྲེལ་གྱིས་བྱེད་སྒོ་ཕུན་སུམ་ཚོགས་པོ་ཁག་གཅིག་སྒྲིག་འཛུགས་དང་ཇུས་འགོད་ཀྱང་བྱས་པ་རེད།
“གྲོང་གསེབ་དར་རྒྱས་གཏོང་བའི་ལམ་དུ་ཞིང་པའི་དཔེ་ཁང་དེ་མི་སེར་ཚོས་སྔོན་ཐོན་གྱི་ཞིང་འབྲོག་ལས་ཀྱི་ཤེས་བྱ་དང་ལེན་བྱེད་ས་དང་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་སར་འགྱུར་རྒྱུའི་རེ་བ་ཡོད། མ་འོངས་པར། ཞིང་པའི་དཔེ་ཁང་ནི‘ཏང་དམངས་ཞབས་ཞུ་དང་ཞིང་པའི་དཔེ་དེབ་ཁང་། མི་རིགས་མཐུན་སྒྲིལ”བཅས་ཟུང་འབྲེལ་གྱི་ཕྱོགས་བསྡུས་སྒྲིག་གཞིར་གྱུར་ནས་ཕན་ནུས་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད”ཅེས་རྡོ་རྗེ་གཡང་འབུམ་གྱིས་བཤད་པ་རེད།