འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་27ཉིན།

༄༅།།ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་བཤད་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་27ཉིན། 16:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་བྱ་རྒྱུའི་སྐོར་གྱི་གསར་འགོད་པའི་དྲི་བར་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ལན་བཏབ།

    གསར་འགོད་པ་ཞིག་གིས། ཉེ་ཆར་ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གྱི་གནད་དོན་ཐད། ཀྲུང་གོ་ཕྱོགས་དང་གྲོས་མཐུན་འཇོག་འདོད་ཡོད་ཅེས་ཐེངས་མང་བཤད་པ་དང་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་བྱས་ཡོད་ཅེས་བཤད་པར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཟེར།

    ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་མགྲིན་ཚབ་པས། འབྲེལ་ཡོད་གཏམ་བརྗོད་དེ་ནི་མཐོང་ཐོས་ཪྙོག་བཟོ་རེད་ཅེས་བཤད་པ་རེད། ཁོ་བོས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་སྒོ་ཁྲལ་གྱི་གནད་དོན་ཐད་གླེང་མོལ་ལམ་གྲོས་མོལ་བྱས་མེད་ལ། གྲོས་མཐུན་འཇོག་རྒྱུ་ཟེར་བ་དེ་བས་ཀྱང་གླེང་ཐབས་བྲལ་བ་རེད། སྒོ་ཁྲལ་གྱི་འཐབ་མོ་དེ་ནི་ཨ་རི་ཕྱོགས་ཀྱིས་བསླངས་པ་ཞིག་ཡིན་པས། “སྦྲུལ་མདུད་སྦྲུལ་བཤིག་” གི་དཔེ་བཞིན་རེད། ཨ་རི་ཕྱོགས་ཀྱིས་དངོས་གནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ན། ནོར་འཁྲུལ་ཡོ་བསྲང་དང་འཇིགས་སྐུལ་དང་སྙད་འདོགས་གཡོ་ལེན་མཚམས་འཇོག་བྱེད་དགོས། ཀྲུང་གོར་ཕྱོགས་རྐྱང་པའི་སྒོ་ཁྲལ་སྤྱོད་ཐབས་ཚང་མ་རྩ་བ་ནས་མེད་པར་བཟོས་ནས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་བྱེད་དགོས།

    ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ནི་དུས་སྐབས་གསར་པར་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་མཉམ་གནས་ཀྱི་ཐབས་ལམ་ཡང་དག་ཅིག་རེད། ཕྱོགས་གཅིག་ནས་ཀྲུང་གོ་ཕྱོགས་དང་གྲོས་མཐུན་འཇོག་རྒྱུ་ཡིན་ཟེར་བ་དང་། ཕྱོགས་གཞན་ཞིག་ནས་རྒྱུན་ཆད་མེད་པར་གནོན་ཤུགས་མཐར་སོན་སྤྲོད་པ་འདི་ནི་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བྱེད་པའི་བྱ་ཐབས་ཡང་དག་ཅིག་མིན་ལ་ལག་ལེན་བསྟར་མི་ཐུབ་པ་ཞིག་ཀྱང་རེད་ཅེས་བརྗོད།