ནད་བཅོས་སྲོག་སྐྱོབ་ཕུགས་འདུན་མངོན་འགྱུར་སླད། བུ་མོ་གཞན་ཡུལ་འགྲིམ་པར་བག་མི་ཚ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་27ཉིན། 09:56】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“ང་འདི་གར་ཡོང་འདོད་ཡོད”
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་གཡག་རྭ་ཤང་ནི་རི་ཁུལ་དུ་གནས་ཤིང་། ས་བབ་མཐོ་ལ་འགྲོ་སྐྱོད་དཀའ་བས། རྒྱུན་དུ“བྱ་རྒོད་པོ་གཤོག་རྩ་འདར་ས་དང་ཕོ་རྒོད་པོ་བླ་རྩ་འདར་ས”ཞེས་བརྗོད་ཀྱི་ཡོད། 2021ལོར་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་བོད་ལུགས་གསོ་རིག་ཆེད་ལས་ནས་སློབ་མཐར་ཕྱིན་པའི་ནཱ་ཧྲེང་གིས“རྒྱབ་སྐྱོར་གཅིག་དང་རོགས་སྐྱོར་གསུམ”གྱི་འཆར་གཞིར་མིང་ཐོ་བཀོད་དེ་གཡག་རྭ་ཤང་འཕྲོད་བསྟེན་ཁང་དུ་ལས་ཀ་བྱེད་པར་འོང་།
མ་གཞི་ནཱ་ཧྲེང་བདེ་ཆེན་རྫོང་དུ་འཚར་ལོངས་བྱུང་ཡང་དེ་གོང་གཡག་རྭ་ཤང་དུ་གཏན་ནས་འགྲོ་མྱོང་མེད། འཕྲོད་བསྟེན་ཁང་དུ་འབྱོར་ཐོ་འགོད་པའི་ཉིན་དེར་ཁོ་མོ་སྐྱེལ་བར་ཡོང་བའི་ཨ་མས་ཉལ་ཁང་ཟེར་ཡང་ཁང་པ་སྟོང་པ་ཞིག་ལས་མེད་པ་མཐོང་སྐབས། ཧ་ཅང་སྙིང་རྗེ་ནས་ཁང་པའི་ནང་གསང་སྤྱོད་ཀྱང་མི་འདུག མཚན་མོ་གསང་སྤྱོད་ལ་ཇི་ལྟར་འགྲོ་དགོས་སམ་ཞེས་བརྗོད། འོན་ཀྱང་ནཱ་ཧྲེང་གིས་དེར་སྣང་བ་མ་བཏང་བར“ང་འདི་གར་ཡོང་འདོད་ཡོད། སྔོན་ལ་ངས་སྡོད་ཐུབ་མིན་ཚོད་ལྟ་བྱེད་ཀྱི་ཡིན་”ཞེས་བརྗོད།
སྨན་པ་བསྟེན་པར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་ཏེ་ཁོང་ཚོའི་ན་ཟུག་སེལ་ཐབས་བྱ་རྒྱུ་དེ་ནི་ནཱ་ཧྲེང་གིས་བོད་ལུགས་གསོ་རིག་སྦྱོང་བའི་ཐོག་མའི་བསམ་འདུན་དེ་རེད། “ལས་ཀར་སླེབས་རྗེས་གསོ་རིག་སློབ་མ་ཞིག་བྱ་རྒྱུ་དེ་ཕུགས་འདུན་མངོན་འགྱུར་གྱི་གོ་རིམ་ཁྲོད་ནས་ལས་སླ་ཤོས་དེ་ཡིན་པ་ཤེས་བྱུང”ཞེས་ནཱ་ཧྲེང་གིས་བརྗོད།
ཤང་དུ་འགྲིམ་འགྲུལ་སྟབས་བདེ་མེད་པས་མཚམས་རེ་རླངས་འཁོར་མང་ཚོགས་ཀྱི་ཁྱིམ་དུ་སླེབས་མི་ཐུབ་པས་མི་དང་རྟ་དྲེལ་གྱིས་སྨན་བཅོས་དངོས་ཟོག་དང་འཚོ་བའི་མཁོ་ཆས་དབོར་རྒྱུ་དེ་སྨན་པ་གཤམ་སྐྱོད་བྱེད་སྐབས་ཀྱི་རྒྱུན་རྣམ་ཞིག་རེད། མཚམས་རེ་རི་ལམ་ཉིལ་བའི་སྐབས་འཁེལ་ན་ནཱ་ཧྲེང་དང་ལས་རོགས་ཚོས་དངོས་ཟོག་སྒལ་པར་འཁུར་ཏེ་ལ་བརྒྱབ་ཀླུང་བརྒལ་བྱས་ཏེ་ཉིན་མོ་ནས་མཚན་མོ་ས་རུབ་རུབ་བར་འགྲོ་དགོས་ཀྱི་ཡོད།
2021ལོའི་ཟླ་9པར་ནཱ་ཧྲེང་གིས་འོས་འགན་སྨན་བཅོས་ཐེངས་དང་པོ་བྱེད་པར་བསྐྱོད་སྐབས། ཆུ་ཚོད་བཞི་ལྔ་ཙམ་ཡམ་ཡོམ་ཆེ་བའི་ལམ་བུ་འདེད་རྗེས་གཞི་ནས་གཡག་རྭ་ཤང་གཡག་རྭ་གྲོང་ཚོའི་གཏིང་ལ་ཡུག་ཁུལ་དུ་འབྱོར། ལས་རོགས་ཚོ་དང་མཉམ་དུ་མང་ཚོགས་ལ་Bསྒྲ་རླབས་རྒྱག་པ་དང་། སྨན་སྤྲོད་པ། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་བྱས་ཏེ་ཉིན་གང་བྲེལ་འཚུལ་དབང་དུ་སོང་ཡང་ནཱ་ཧྲེང་དང་མང་ཚོགས་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་སོང་ཡོད།
གཡག་རྭ་གྲོང་ཚོར་འཕྲོད་བསྟེན་ཁང་གཅིག་ལས་མེད་ཅིང་། གཏིང་ལ་ཡུག་ཁུལ་གྱི་གྲོང་མི་མང་ཆེ་བས་འཕྲོད་བསྟེན་ཁང་དང་ཤང་འཕྲོད་བསྟེན་ཁང་དུ་ཡོང་སྐབས་རྐང་ཐང་ལ་ཡོང་དགོས། འགྲོ་ལམ་སྟབས་བདེ་མེད་པས་འོས་འགན་སྨན་བཅོས་བྱེད་མཁན་གྱི་སྨན་པ་འཕྲད་རྗེས་གྲོང་མི་ཚོས་རྟག་ཏུ་ཐེངས་གཅིག་ལ་སྨན་མང་ཙམ་ལེན་པ་དང་སྨན་བཅོས་གང་མང་མང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གྲོང་མི་ཚོ་ནད་གཞི་ལྟ་བར་ཡོང་སྐབས་སྟབས་བདེ་མེད་པ་མཐོང་བས། ན་ཆུང་བུ་མོ་དེའི་སེམས་སུ་གཏིང་ལ་ཡུག་ཁུལ་དུ་སྨན་བཅོས་ཞབས་ཞུའི་ས་ཚིགས་ཤིག་འཛུགས་ཨེ་ཐུབ་ལྟ་དགོས་སྙམ།
ནཱ་ཧྲེང་གིས་རེ་འདུན་ཞུ་ཡིག་མང་པོ་བྲིས་ཏེ་གཅིག་མཇུག་གཉིས་མཐུད་ངང་བསྐུར། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་དང་ཤང་འཕྲོད་བསྟེན་ཁང་གི་རྒྱབ་སྐྱོར་འོག་གཏིང་ལ་ཡུག་ཁུལ་གྱིས་བསིལ་ཁང་ཆུང་ངུ་ཞིག་སྤྲད་ནས་དེ་སྨན་བཅོས་ཞབས་ཞུའི་ས་ཚིགས་ལ་བསྒྱུར་བཟོ་བྱས་ཤིང་། ས་ཚིགས་འཛུགས་པའི་ཉིན་དེར། ནཱ་ཧྲེང་དང་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་མཉམ་འབྲེལ་འོས་འགན་སྨན་བཅོས་རུ་ཁག་གིས་སླར་ཡང་གཏིང་ལ་ཡུག་ཁུལ་དུ་བསྐྱོད་པ་དང་། གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ཁོང་ཚོར་ལག་པ་གཏོང་བར་ཡོང་ལ་ནཱ་ཧྲེང་གི་ལག་ནས་དམ་པོར་འཇུས། “དེ་དུས་ངས་བདེ་སྐྱིད་ཞེས་པའི་གོ་དོན་གཞི་ནས་རྟོགས་བྱུང”ཞེས་ནཱ་ཧྲེང་གིས་བརྗོད།
“རང་ཉིད་ཀྱི་ལག་རྩལ་སྔར་བས་ལེགས་སུ་གཏོང་དགོས”
ཐེངས་ཤིག་ནད་གཞི་ལྟ་སྐབས། གྲུམ་བུའི་རྐྱེན་གྱིས་རུས་ཚིགས་རྦད་དེ་འཁྱོག་པའི་རྒན་རྒོན་ཞིག་ན་ཟུག་བཟོད་གླགས་བྲལ་ཏེ་དབུགས་རིང་ནར་ནར་དུ་གཏོང་བཞིན་དེ་གར་སླེབས། ཆེད་ལས་ཀྱི་རྨང་གཞི་ལེགས་པའི་སྒང་ལ་དགེ་རྒན་གྱིས་མཛུབ་ཁྲིད་ཞིབ་ཚགས་གནང་བས། ནཱ་ཧྲེང་གིས་བདེ་བླག་ངང་རྒན་རྒོན་དེའི་གྲུམ་བུ་ན་སར་ཁབ་རྒྱག་འགོ་ཚུགས། “ལག་ལེན་ནི་སློབ་སྦྱོང་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ཡིན་པས། ངས་རང་ཉིད་ཀྱི་ལག་རྩལ་དེ་བས་ལེགས་སུ་གཏོང་དགོས་པ་ཚོར་བྱུང”ཞེས་ནཱ་ཧྲེང་གིས་བརྗོད།
2024ལོར་ནཱ་ཧྲེང་ལ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཟབ་སྦྱོང་ལ་འགྲོ་བའི་གོ་སྐབས་རག ཆེད་ལས་ཀྱི་ཆུ་ཚད་སྔར་བས་ལེགས་སུ་ཕྱིན་པས་ནཱ་ཧྲེང་དགའ་ཚོར་ཆེན་པོ་བྱུང་སྟེ“ངས་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་ཐུབ་ཀྱི་རེད”ཅེས་བརྗོད།
གཡག་རྭ་ཤང་འཕྲོད་བསྟེན་ཁང་གི་སྨན་བཅོས་ལག་རྩལ་ཉིན་རེ་བཞིན་ཇེ་ལེགས་སུ་སོང་བས། བོད་སྨན་སྡེ་ཁག་ཏུའང་ནད་པ་རིམ་གྱིས་མང་དུ་སོང་ཞིང་། དེའི་ཁྲོད་ནས་མི་མང་པོ་ཞིག“བོད་སྨན་གྱི་བུ་མོ་ཆུང་ཆུང”དེའི་སར་ནད་གཞི་ལྟ་བར་ཡོང་བ་རེད།
“སྨན་བཅོས་ལག་རྩལ་ལེགས་སུ་ཕྱིན་པ་མ་ཟད་སེམས་པ་བཟང་དུ་ཕྱིན་སོང”
སློབ་སྦྱོང་དང་ལག་ལེན་ཁྲོད་ནཱ་ཧྲེང་གིས“བྱམས་དང་སྙིང་རྗེ་ལྡན་པ”ཞེས་པར་ཡང་བློ་སྐྱེད་གསར་པ་བྱུང།
གཡག་རྭ་ཤང་གི་མང་ཚོགས་ཕུད་ཉེ་འཁོར་གྱི་ནད་པ་མང་པོ་ཡང་གཡག་རྭ་ཤང་འཕྲོད་བསྟེན་ཁང་དུ་ནད་གཞི་ལྟ་བར་ཡོང་གི་ཡོད། ཁོང་ཚོ་སླེབས་དུས་སྤྱིར་བཏང་ཉིན་གུང་ཟིན་པས། སྨན་པ་ཁག་གཅིག་དུས་ཚོད་ཏག་ཏག་ལ་ལྟོ་ཆས་ཟ་ཐུབ་ཀྱི་མེད་པས། སྨན་པ་ཁ་ཤས་ཀྱིས“ལྟོ་ཆས་བཟས་ནས་ནད་པར་ནད་གཞི་བལྟས་ན། མ་འགྲིག་པ་གང”ཞེས་འཁང་ར་བྱེད་ཀྱི་ཡོད་པས། ནཱ་ཧྲེང་ཡང་དེ་དག་ཐོས་སྐབས་ཐེ་ཚོམ་གྱི་གནས་སུ་གྱར།
སྐབས་དེ་དུས་གཡག་རྭ་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཡིན་པའི་བློ་བཟང་དོན་གྲུབ་ཀྱིས“ང་ཚོ་ལྟོ་ཆས་ཟ་རྒྱུ་རེད་ལ། ནད་པ་ཚོའང་ཟ་རྒྱུ་རེད། མཚམས་རེ་ནད་པ་ཁག་ཅིག་ནད་གཞི་བལྟས་ཚར་རྗེས་ད་དུང་ཆུ་ཚོད་བཞི་ལྔ་ཙམ་སོང་རྗེས་གཞི་ནས་ཁྱིམ་དུ་འབྱོར་གྱི་ཡོད། ང་ཚོས་ཁོང་ཚོར་སྟབས་བདེ་སྐྲུན་གང་ཐུབ་བྱེད་དགོས”ཞེས་བརྗོད་པས། ནཱ་ཧྲེང་གི་བློ་སྒོ་ཧར་གྱིས་ཕྱེ་སྟེ“འདི་གར་སླེབས་རྗེས་ལག་རྩལ་ཡག་ཏུ་ཕྱིན་པ་མ་ཟད། སེམས་པ་ཡང་བཟང་དུ་ཕྱིན་པའི”ངེས་ཤེས་རྙེད།
དེ་ནས་བཟུང་ནཱ་ཧྲེང་གིས་གཡག་རྭ་ཤང་དང་ཉེ་འཁོར་གྱི་མང་ཚོགས་ལ་དེ་བས་ཞབས་འདེགས་ཧུར་ཐག་ཞུ་ཡི་ཡོད། རྨོ་བོ་ལགས་ཤིག་གྲུམ་ནད་ཕོག་ཀྱང་ཁྱིམ་དུ་ལྟ་རྟོག་བྱེད་མཁན་མེད་པས་ཁོང་གིས་གཟའ་མཇུག་ལ་ཁྱིམ་དུ་བསྐྱོད་ནས་སྨན་བཅོས་བྱེད་པ་དང་། མང་ཚོགས་ཀྱིས་བདེ་ཐང་ཤེས་བྱ་རྒྱུན་ལོན་བྱེད་འདོད་ཡོད་པ་ཤེས་རྗེས་ངལ་གསོའི་དུས་ཚོད་སྤྱད་ནས་ཁྱབ་གདལ་གཏོང་བ་སོགས་བྱེད་ཀྱི་ཡོད། གཡག་རྭ་ཤང་དུ་ལས་ཀ་ལོ་བཞི་ཙམ་བྱས་ཀྱང་ནཱ་ཧྲེང་གིས་ཟླ་བ་གཅིག་གཉིས་ལ་གཞི་ནས་ཁྱིམ་ལ་ཐེངས་གཅིག་ལས་ལོག་གི་མེད་པ་དང་གུང་གསེང་ལའང་ངལ་གསོ་རྒྱག་པ་ཉུང་ཉུང་རེད།
ཐག་རིང་གི་གཡག་རྭ་ཤང་གིས་ན་ཆུང་བུ་མོ་དེའི་འཚར་ལོངས་ཀྱི་དཔང་པོ་བྱས་ཡོད། “འདི་གར་རང་གི་ནུས་པས་སྲི་ཞུ་སྒྲུབ་ཐུབ་ན། ངའི་ངོས་ནས་བརྗོད་ན་རི་ཁུལ་ནི་ཐག་རིང་པོ་རེད་མི་འདུག”ཅེས་ནཱ་ཧྲེང་གིས་བརྗོད།