འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་27ཉིན།

༄༅།།ཚང་ཚིང་གཡུ་ལོ་འཁྲིགས་པའི་དོ་ར་ན། ས་མཐོའི་གྲོང་ཁྱེར་ཆུང་ངུ་ཡུལ་ཤུལ་མཛེས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་27ཉིན། 09:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཝེ། ལིའུ་ཙེ་ཤིང་།

    ཡུལ་ཤུལ་གྲོང་ཁྱེར་ནི་མཚོ་བོད་ས་མཐོའི་དབུས་ཁུལ་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་གྱི་ཡོད། ཡུལ་ཤུལ་ལ་འགྲོ་མྱོང་མེད་པ་ཚོས་དེ་གའི་ས་བབ་ལ་སྐྲག་སྣང་བྱེད་ཀྱི་ཡོད། ཡིན་ནའང་གྲོང་ཁྱེར་དེར་དངོས་སུ་སླེབས་ཚེ་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་མང་ས་ཁུལ་དུ་སླེབས་པ་ལྟ་བུའི་ཚོར་སྣང་སྟེར་གྱི་ཡོད།

   ཁྲ་ལ་རི་བོ་བརྒལ་ཏེ་ལུང་གཞུང་བརྒྱུད་ནས་མུ་མཐུད་བསྐྱོད་ཚེ་ཡུལ་ཤུལ་གྲོང་ཁྱེར་མིག་མདུན་དུ་མངོན་གྱི་ཡོད།

    ཡུལ་ཤུལ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་སྐྱོད་སྐབས་གྲོང་ཁྱེར་དེ་ནི་མི་རྣམས་ཀྱི་བག་ཆགས་ནང་གི་གྲང་ཞིང་སྐམ་ཤས་ཆེ་བའི་ས་མཐོའི་གྲོང་ཁྱེར་དང་གཏན་ནས་མི་འདྲ་སྟེ། གནས་འདི་ནི“ཆུ་གྲོང”ཞིག་དང་འདྲ་བར་གྲོང་ཁུལ་གཙོ་བོ་འབྲི་ཆུའི་འབབ་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་ཆུ་རྒྱུད་ལས་བྱུང་བའི་འདམ་རས་ཡོངས་སུ་སྐོར་འདུག

    ཟླ་4པར། དཔའ་ཐང་གཙང་འགྲམ་གྱི་རྐང་ལམ་བརྒྱུད་ནས་འཆམ་འཆམ་བྱེད་སྐབས་བསིལ་རླུང་དལ་བུར་ལྡང་ཞིང་ས་འདམ་གྱི་དྲི་ཞིམ་དང་སྤོས་ཀྱི་དྲི་བསུང་ཡང་ཡང་འཐུལ། དུས་ཆེན་དང་གུང་གསེང་རིང་གཙང་འགྲམ་དུ་པར་རྒྱག་མཁན་གྱིས་ཁེངས་ཡོད་པ་དང་། ཁོང་ཚོས་ཆུ་སྲམ་གྱིས་ཟས་ཟ་བའམ་རྩེད་མོ་རྩེ་བའི་སྐད་ཅིག་མ་དེ་པར་དུ་ལེན་ཆེད་ཁུ་སིམ་མེར་སྒུག་གི་ཡོད།

    དུས་ཡུན་རིང་པོར་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་ཕྱི་རོལ་བརྟག་ཞིབ་བྱེད་མཁན་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་པ་ཀྲའོ་ཞང་གིས་གསར་འགོད་པར་ཆུ་སྲམ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། དེ་འཚོ་སྡོད་བྱེད་པར་ཆུའི་སྤུས་ཚད་ཧ་ཅང་ཡག་པོ་དགོས་ཀྱི་ཡོད་པས་ཆུ་བོའི་སྐྱེ་ཁམས་མ་ལག་གི་མཚོན་རྟགས་དངོས་རིགས་གལ་ཆེན་ཞིག་ཡིན། མི་མང་བའི་གྲོང་ཁུལ་དུ་གནས་པ་ནི་རྒྱལ་ཡོངས་སུ་ཧ་ལམ་མཐོང་དཀོན་པ་ཞིག་རེད་ཅེས་བརྗོད། བརྟག་དཔྱད་བྱས་འབྲས་ལས་མངོན་པར། ཡུལ་ཤུལ་གྲོང་ཁྱེར་དང་དེ་བཞིན་མཐའ་འཁོར་གྱི་ཆུ་ཁོངས་སུ་ཆུ་སྲམ་ཉི་ཤུ་སུམ་ཅུ་ཡོད་པ་དང་ཁྱུ་ཚོགས་ཀྱི་མང་ཉུང་དང་འཚོ་སྡོད་གནས་ཚུལ་ཡག་པོ་ཡོད་པ་རེད།

     ཡུལ་ཤུལ་གྲོང་ཁྱེར་དུ་སླེབས་མ་ཐག་དེ་བས་བསམ་ཡུལ་ལས་འདས་པ་ཞིག་ནི་ས་མཐོའི་གྲོང་ཁྱེར་དེ་གང་སར་སྔོ་ལྗང་གིས་ཁེངས་འདུག ལོ་མང་རིང་རྒྱུན་མཐུད་བྱས་པའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་འདུག

    དབྱར་ཁ་ཤར་རིམ་བཞིན་ཡུལ་ཤུལ་གྱི་ཁྲོམ་གཞུང་དུ་བསྐྱོད་ནས་རྒྱང་ལྟ་བྱས་ཚེ། ཡུལ་ལྗོངས་ནི་པར་རིས་ལས་ཀྱང་མཛེས་པ་དང་། ནམ་མཁའ་སྔོ་ཞིང་གཡའ་དག་པ། མུ་ལ་མུ་ཁྱུད་ཀྱི་རི་བོ་སྔོ་ལྗང་ནགས་ཀྱིས་ཁེབས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཡུལ་ཤུལ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཚད་ལོན་པའི་ཉིན་གྲངས་ཀྱི་བསྡུར་ཚད་དུས་ཡུན་རིང་པོར་100%རྒྱུན་འཁྱོངས་ཐུབ་ཅིང་། “སྒེའུ་ཁུང་ཕྱེ་མ་ཐག་སྔོ་ལྗང་མཐོང་བ་དང་། སྒོ་དོན་མ་ཐག་ལྡུམ་ར་ཡོད་པ”ནི་ཡུལ་ཤུལ་གྲོང་ཁྱེར་གྱི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་རེད། ཆར་པ་འབབ་དུས་ཉེ་འཁོར་གྱི་རི་བོར་སྨུག་པའི་ཡོལ་བ་སྲབ་མོ་གཡོགས་པ་དང་། ཆུ་རླངས་ཀྱིས་ས་གཞི་ཆེན་པོ་བརླན་གྱིས་བསྐྱངས་པ། གཞུང་ལམ་འགྲམ་གྱི་ཤང་ཤང་དུ་རྒྱུག་པའི་གཙང་པོ་བཅས་ལས་མི་རྣམས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་མང་ཁུལ་དུ་གནས་པ་ལྟ་བུའི་ཚོར་སྣང་སྟེར་གྱི་ཡོད།