གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་25ཉིན། 13:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉིན་ཤས་གོང་བོད་ལྗོངས་ཁང་དམར་མ་བུ་མཚོའི་གནའ་ཤུལ་དེ་2024ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ནང་བདམས་པ་རེད།
མ་བུ་མཚོའི་གནའ་ཤུལ་ནི་མིག་སྔར་རྙེད་པའི་མཚོ་བོད་ས་མཐོའི་དབུས་ཁུལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་དང་ལོ་རབས་སྔ་ཤོས་ཀྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་མཚེའུ་འགྲམ་ཉ་འཛིན་དང་རི་དྭགས་རྔོན་པའི་གནའ་ཤུལ་ཞིག་རེད། གནའ་ཤུལ་དེ་ཀྲུང་གོ་དང་རྒྱ་གར། ཀྲུང་གོ་དང་འབྲུག་རྒྱལ་ཁབ་ཀྱི་མཐའ་མཚམས་བོད་ལྗོངས་དབུས་ལྷོ་རྒྱུད་ཁང་དམར་རྫོང་ཀ་ལ་ཤང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་བྱང་ཤར་ངོས་ཀྱི་མ་བུ་མཚོ་འགྲམ་དུ་གནས་པ་དང་། ཧི་མ་ལ་ཡའི་དབུས་རྒྱུད་བྱང་ངོས་ཀྱི་ས་མཐོར་གནས་ཤིང་། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4410ནས་4430བར་ཡོད།
“མ་བུ་མཚོའི་གནའ་ཤུལ་གསར་རྙེད་བྱུང་བ་དེ་ནི་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་རྡོ་ཆས་གསར་པའི་དུས་རིམ་གྱི་ཆེས་གལ་ཆེ་བའི་རིག་གཞུང་གི་ཚད་བརྒལ་ཞིག་ཡིན་པ་དང་། དེ་གར་ད་བར་མཚོ་བོད་ས་མཐོའི་དབུས་ཁུལ་གྱི་རྒྱ་མཚོའི་མཐོ་ཚད་མཐོ་ཤོས་དང་། ལོ་རབས་སྔ་ཤོས། རྒྱུན་མཐུད་དུས་ཡུན་རིང་ཤོས་(ད་ལྟའི་བར་ལོ་4800ནས་2000ལོ)དང་ཆེས་གསལ་པོ་ཡིན་པའི་རིག་གནས་ཀྱི་གོ་རིམ་གསར་རྙེད་བྱུང་ཡོད་པ་དང་། བོད་ལྗོངས་དབུས་ལྷོ་རྒྱུད་ཀྱི་རྡོ་ཆས་གསར་པའི་དུས་རིམ་མི་འདྲ་བའི་རིག་གནས་ཆགས་ཚུལ་གྱི་གནད་དོན་ཐག་གཅོད་བྱས་ཡོད”ཅེས་ཤར་རྒན་དབང་འདུས་ཀྱིས་དེ་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོ་ནས་2024ལོ་བར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་གཙོ་ཁྲིད་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་། ལན་ཀྲོའུ་སློབ་ཆེན། པེ་ཅིན་སློབ་ཆེན། རྒྱལ་ཁབ་རིག་གནས་ཤུལ་བཞག་ཅུས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་སོགས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ནས་ལོ་འཁོར་5ཡི་རིང་གི་ཡུལ་དངོས་སྔོག་འདོན་ལས་དོན་སྤེལ་བ་རེད།
གནའ་ཤུལ་དེའི་གནའ་རྫས་རྟོག་ཞིབ་ལས་དོན་ནི་རིག་ཚན་མང་པོའི་ཞིབ་འཇུག་དང་ཟུང་འབྲེལ་བྱས་ནས་གནའ་བོའི་DNAདང་། གནའ་བོའི་མིའི་རིགས་རིག་པ། སྲོག་ཆགས་དང་རྩི་ཤིང་གི་གནའ་རྫས་རྟོག་ཞིབ། ཁོར་ཡུག་གནའ་རྫས་རྟོག་ཞིབ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ཚད་བརྒལ་བྱུང་ཡོད།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4400ཡན་གྱི་སྐྱེ་ཁམས་གནས་སུ་མིའི་རིགས་འགུལ་སྐྱོད་བྱེད་པའི་ས་མཐོའི་འཕྲོད་མཐུན་རང་བཞིན་དང་། རྙོག་འཛིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་གསལ་སྟོན་བྱས་ཡོད། མ་བུ་མཚོའི་གནའ་ཤུལ་སྔོག་འདོན་དང་གསར་རྙེད་བྱུང་བ་དེས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་མ་ཟད། འཛམ་གླིང་ཁྱབ་ཁོངས་སུ་ས་མཐོའི་མིའི་རིགས་ཀྱི་འཕེལ་འགྱུར་ཐད་ཀྱི་ངོས་འཛིན་དང་ཤེས་རྟོགས་སོགས་ཚང་མར་ཚབ་བྱེད་ཐབས་བྲལ་བའི་དོན་སྙིང་གལ་ཆེན་ལྡན་ཡོད།