གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་25ཉིན། 10:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་དང་དྲང་གཞག་ཕྱོགས་སྒྱུར་གྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་ལ་ཤིས་ཚིག་བསྒྲོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་དང་དྲང་གཞག་ཕྱོགས་སྒྱུར་གྱི་འགོ་ཁྲིད་པའི་བརྙན་ལམ་དབུ་ཚོགས་ལ་ཤིས་ཚིག་བསྒྲོན་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི《ཕ་རི་སིའི་གྲོས་ཆོད》བཞག་ནས་ལོ་10འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོའང་རེད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལམ་བཞི་མདོ་ཁ་གསར་པར་སླེབས་ཡོད། རྒྱལ་ཁབ་ཆེན་པོ་རེ་ཟུང་གིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་སྤེལ་བར་དགའ་པོ་བྱས་ནས་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད་མོད། འོན་ཀྱང་ལོ་རྒྱུས་ནི་ནམ་ཡང་རྙོག་འཛིང་ཁྲོད་མདུན་སྐྱོད་བྱེད་ཀྱི་ཡོད། གདེང་ཚོད་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ། ལྡོག་རྒྱུན་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་དང་འཛམ་གླིང་གི་ཡར་ཐོན་བྱ་གཞག་ཡོད་ཚད་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།
གཅིག་ནས་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱེད་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་གཙོ་རྐང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བརྟན་པོ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བརྟན་པོ་བྱེད་དགོས། ཁྲིམས་སྐྱོང་གི་སྙིང་སྟོབས་རྒྱུན་འཛིན་དང་དམ་བཅར་བརྩི་སྲུང་ནན་པོ་བྱས་ཏེ་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་དམིགས་ནས་ཕྱོགས་མང་བཅོས་སྐྱོང་བྱེད་པ་བརྒྱུད་གནམ་གཤིས་ཀྱི་ཉམས་ཉེན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས།
གཉིས་ནས་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་དགོས་ཤིང་། སྒོ་དབྱེ་བསྟུན་མཁས་ལ་བརྟེན་ནས་འགལ་རྐྱེན་དང་གདོང་ཐུག་ལས་རྣམ་པར་རྒྱལ་བ་དང་། མཉམ་ལས་ལ་བརྟེན་ནས་ལག་རྩལ་གསར་གཏོད་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་བཏང་སྟེ། སྤུས་ལེགས་ལྗང་མདོག་ལག་རྩལ་དང་ཐོན་རྫས་རང་མོས་འཁོར་རྒྱུག་ཐུབ་པར་བྱས་ནས་རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མར་སྤྱོད་རྒྱུ་ཡོད་པ་དང་། སྤྱོད་ཐུབ་པ། གོ་ཆོད་པ་བཅས་ཡོང་བ་བྱེད་དགོས། ཀྲུང་གོས་ལྷོ་ལྷོ་མཉམ་ལས་ཟབ་ཏུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱ་རྒྱུ་ཡིན།
གསུམ་ནས་དྲང་གཞག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པ། དམངས་འཚོའི་བདེ་རྩ་ལེགས་སུ་དང་གནམ་གཤིས་བཅོས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། ལས་ཞུགས་གསར་གཏོད། དབུལ་ཕོངས་སེལ་བ་སོགས་ཀྱི་དམིགས་ཚད་མང་པོར་སྤྱི་འདོམས་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པ་དང་གོ་ལ་ཧྲིལ་པོའི་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་རམ་འདེགས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་དང་ཕུགས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་འོས་འགན་ཡོད།
བཞི་ནས་དངོས་སྒྲུབ་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཕྱོགས་ཁག་ཚང་མས་འབད་བརྩོན་གང་ཐུབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་ནུས་རྒྱུ་ཕྱོགས་སྒྱུར་ལ་སྤྱི་འདོམས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་བྱ་སྤྱོད་ཀྱི་རྩ་འཛིན་གཏན་འབེབས་ལག་ལེན་བསྟར་དགོས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་པེ་ལུན་ཚོགས་ཆེན་མ་འཚོགས་གོང་དྲོད་ཁང་གི་རླངས་གཟུགས་ཚང་མ་ཚུད་པའི་དཔལ་འབྱོར་ཁྱབ་ཁོངས་ཡོངས་ཀྱི་2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་དམིགས་ཚད་ཁྱབ་བསྒྲགས་བྱ་རྒྱུ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་རེད། ཀྲུང་གོ་ནི་འཛམ་གླིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་འགྱུར་མེད་ལག་ལེན་པ་ཞིག་དང་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཡིན། ལོ་ལྔའི་གོང་ངས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་ཁྱབ་བསྒྲགས་བྱས་ཚུན་ཀྲུང་གོས་གོ་ལ་ཧྲིལ་པོར་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་ཀྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་མ་ལག་བཙུགས་པ་དང་། གོ་ལ་ཧྲིལ་པོར་ཆེ་ཤོས་དང་ཆ་ཚང་ཤོས་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་བསྐྲུན་ནས་གོ་ལ་ཧྲིལ་པོར་ལྗང་མདོག་རྒྱ་ཁྱོན་གསུམ་ཆ་གཅིག་ལེགས་སྐྱེས་སུ་ཕུལ་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་ཀྲུང་གོའི་བྱ་སྤྱོད་དལ་དུ་གཏོང་མི་སྲིད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ཆུང་དུ་གཏོང་མི་སྲིད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་མཚམས་འཇོག་བྱེད་མི་སྲིད། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ཐུན་མོང་གི་འགན་འཁྲི་ཡིན་ཡང་དབྱེ་བ་ཡོད་བཞིན་དུ་ལག་ལེན་ཏན་ཏིག་བསྟར་ཏེ་རང་ནུས་གང་ཡོད་དང་མཐུན་སྒྲིལ་མཉམ་ལས་བྱས་ནས་དྭངས་གཙང་དང་། མཛེས་སྡུག རྒྱུན་མཐུད་ཆོག་པ་བཅས་ཀྱི་འཛམ་གླིང་མཉམ་དུ་སྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།