གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་24ཉིན། 13:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས། གསར་འགོད་པར་ང་ཚོ་ཀྲུང་གོ་དང་འབྲེལ་འདྲིས་ཡག་པོ་ཡོད་པས། ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱེད་སྐབས་རྣམ་འགྱུར་དྲག་པོ་འཛིན་མི་སྲིད། ཀྲུང་གོར་སྒོ་ཁྲལ་145%སྤར་བ་དངོས་གནས་ཧ་ཅང་མཐོ་དྲགས་པ་དང་གྲོས་མཐུན་བྱུང་རྗེས་ཨ་རིས་ཀྲུང་གོར་སྤར་བའི་སྒོ་ཁྲལ་ཆེས་ཆེར་ཆག་རྒྱུ་ཡིན་མོད། འོན་ཀྱང་ཀླད་ཀོར་བར་གཅོག་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ངེས་པར་དུ་ཨ་རི་དང་གྲོས་མཐུན་ཡོང་བར་བྱེད་དགོས། དེ་ལྟར་མ་བྱས་ན་ཨ་རི་དང་ཚོང་རྒྱག་མི་ཐུབ། ཨ་རི་ནི་སྒྲིག་སྲོལ་གཏན་ལ་འབེབས་མཁན་ཕྱོགས་ཡིན་པས། ཨ་རི་དང་གྲོས་མཐུན་མ་བཞག་ན། ཨ་རི་ཕྱོགས་ཀྱིས་བཤད་པ་ལྟར་བསྒྲུབ་དགོས་ཞེས་བཤད་པ་དང་། ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐེས། ད་ལྟའི་གནས་བབ་ནི་ངོ་བོའི་ཐོག་ནས་ཚོང་དོན་སྐྱེལ་འདྲེན་བཀག་སྡོམ་ཞིག་རེད། ཨ་རིའི་དམིགས་ཡུལ་ནི་ཀྲུང་གོ་དང་ཁ་བྲལ་བའི་ཆེད་དུ་མིན་པས། རྒྱལ་ཁབ་གཉིས་པོས་ལོ་གཉིས་གསུམ་རིང་ཁྱོན་ཡོངས་ནས་གྲོས་མཐུན་ཞིག་འཇོག་སྲིད། འདི་རིགས་ཀྲུང་གོ་དང་སྔར་བཞིན་གྲོས་མོལ་བྱེད་འགོ་ཚུགས་མེད་ལུགས་བརྗོད་པར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཟེར།
དྲིས་ལན། ཀྲུང་གོ་ཕྱོགས་ཀྱིས་སྔ་ས་ནས་སྒོ་ཁྲལ་གྱི་འཐབ་མོ་དང་ཚོང་དོན་གྱི་འཐབ་མོར་རྒྱལ་ཁ་ཐོབ་མཁན་མེད་པ་དང་། སྲུང་སྐྱོང་རིང་ལུགས་ལ་འགྲོ་ལམ་མེད་པ། སྦྲེལ་ཐག་དང་ཁ་བྲལ་ན་རང་ཉིད་ཁེར་རྐྱང་དུ་འགྱུར་ངེས་ཁོ་ན་ཡིན་པ་བསྟན་ཡོད། ཨ་རིས་བསླངས་པའི་སྒོ་ཁྲལ་གྱི་འཐབ་མོའི་ཐད་ཀྲུང་གོ་ཕྱོགས་ཀྱི་རྣམ་འགྱུར་ཧ་ཅང་གསལ་པོ་ཡིན་ཏེ། ང་ཚོས་འཐབ་མོ་འདི་འཐབ་འདོད་མེད་ལ་འཐབ་ནའང་མི་སྐྲག འཐབ་འདོད་ན། འཐབ་མོ་འདི་མཐའ་མ་འཁྱོལ་བར་འཐབ་རྒྱུ་ཡིན། གླེང་མོལ་བྱེད་ན་སྒོ་ཆེན་ཕྱེ་ནས་ཡོད། ཨ་རི་ཕྱོགས་ཀྱིས་དངོས་གནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ན། འཇིགས་སྐུལ་དང་བསླུ་བྲིད་མཚམས་འཇོག་བྱས་ནས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་བྱེད་དགོས། ཕྱོགས་གཅིག་ནས་ཀྲུང་གོ་ཕྱོགས་དང་གྲོས་མཐུན་འཇོག་རྒྱུ་ཡིན་ཟེར་བ་དང་། ཕྱོགས་གཞན་ཞིག་ནས་རྒྱུན་ཆད་མེད་པར་གནོན་ཤུགས་ཚད་མེད་སྤྲོད་པ་འདི་ནི་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བྱེད་པའི་བྱ་ཐབས་ཡང་དག་ཅིག་མིན་ལ་ལག་ལེན་བསྟར་མི་ཐུབ་ཞིག་ཀྱང་རེད་ཅེས་བརྗོད།