འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་24ཉིན།

ཚོད་ལྟའི་ལས་འགན་ཁག་155བཏོན་པ་དང་ཚོད་ལྟའི་གྲོང་ཁྱེར་9གསར་དུ་བསྣན་པ།

༄༅།།ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་མགྱོགས་སུ་དང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཨོའུ་དབྱང་ཅེས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་24ཉིན། 10:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་4ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་མགྱོགས་སུ་དང་ཤུགས་ཆེ་རུ་གཏོང་རྒྱུའི་ཕྱོགས་བསྡུས་ཚོད་ལྟའི་ལས་ཀའི་ཇུས་གཞི》(གཤམ་དུ《ལས་ཀའི་ཇུས་གཞི》ཞེས་བསྡུ་རྒྱུ)ཡི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི་གཞོན་པ་གཅིག་ལྕོགས་ལིང་ཅི་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག“མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་མི་འདང་བས། མིག་སྔར་འཕྲད་པའི་ཕྱི་ཕྱོགས་ཀྱི་རྡབ་རྡེག་དང་འགྲན་སློང་ལ་ཁ་གཏད་དེ་བས་ལེགས་པ་གཅོག་ཆེད། 《ལས་ཀའི་ཇུས་གཞིའི》ནང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་གྱི་ནང་དོན་མངོན་གསལ་དོད་པོས་སྦྲེལ་མཐུད་བྱས་པ་དེ་ཐོག་ནས་མིག་སྔའི་དུས་བབ་འོག་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཆོད་སེམས་མཚོན་གྱི་ཡོད”ཅེས་བརྗོད་པ་རེད།

མགྱོགས་སུ་གཏོང་བ།

ཚོད་ལྟའི་ས་ཁུལ་གྱི་ཁག་ཐེངས་མི་དབྱེ་བ།

    《ལས་ཀའི་ཇུས་གཞིའི》ནང“ཚོད་ལྟའི་ལས་དོན་མགྱོགས་མྱུར་སྤེལ་བ་དང་དེར་ཤུགས་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། ལིང་ཅི་ཡིས། དང་ཐོག“མགྱོགས་སུ་གཏོང་དགོས”ཤིང་། ཚོད་ལྟའི་ས་ཁུལ་གྱི་ཁག་ཐེངས་མི་དབྱེ་བར་ཚོད་ལྟའི་ལས་འགན་དེ་ཆ་རྐྱེན་འཛོམས་པའི་ཚོད་ལྟའི་ས་ཁུལ་དུ་བསྒྲུབ་རྒྱུར་སྡེབ་གཅིག་ལ་སྐུལ་འདེད་གཏོང་དགོས་པ་དང་། དེ་ནས“ཤུགས་རྒྱག་དགོས”ཤིང་། ད་ཡོད་ཀྱི་ཚོད་ལྟ་བྱ་ཡུལ་11ཕུད་ཚོད་ལྟའི་ཁྱབ་ཁོངས་སུ་ད་དུང་ཏ་ལེན་དང་། ཉིང་པོ། ཞ་མོན། ཆིང་ཏའོ། ཧྲེན་ཀྲེན། ཧོ་ཧྥེ། ཧྥུའུ་ཀྲོའུ། ཤིས་ཨན། སུའུ་ཀྲོའུ་བཅས་གྲོང་ཁྱེར་9གསར་དུ་བསྣན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    《ལས་ཀའི་ཇུས་གཞིའི》ནང་། གཙོ་གནད་ཞབས་ཞུའི་ཁྱབ་ཁོངས་སྒོ་དབྱེ་དང་། ཐོན་ལས་གསར་གཏོད་འཕེལ་རྒྱས། ལམ་ལུགས་འཛུགས་སྐྱོང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་སོགས་ལ་དམིགས་ནས་ཚོད་ལྟའི་ལས་འགན་ཁག་155བཏོན་ཡོད། གཙོ་གནད་ལས་རིགས་ཁྱབ་ཁོངས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་ཐད། ཉེར་སྤྱོད་ཚོང་ཁང་དང་དྲ་སྦྲེལ་སྦྲེལ་མཐུད་སོགས་ཞབས་ཞུའི་ལས་སྒོའི་ཕྱི་རྒྱལ་མ་དངུལ་གྱི་མ་རྐང་བསྡུར་ཚད་ཀྱི་ཚོད་འཛིན་སོགས་མེད་པར་བཟོ་རྒྱུ་དང་། གྲངས་གཞིར་ཟུར་མཆན་འགོད་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། གྲངས་གཞི་ཉོ་ཚོང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། “གྲངས་གཞིའི་ཐོན་རྫས་ལས་སྣོན”སོགས་ལས་རྣམ་གསར་པ་དང་བྱ་ཐབས་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ། རོལ་རྩེད་ཕྱིར་གཏོང་ལས་སྒོ་འཕེལ་རྒྱས་བཏང་སྟེ། IP(ཤེས་བྱའི་བདག་དབང)གཏོད་པ་ནས་རོལ་རྩེད་བཟོ་བ་དང་། འགྲེམས་སྤེལ། ཕྱི་རྒྱལ་དུ་གཉེར་སྐྱོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཀོད་སྒྲིག་བྱ་རྒྱུ་བཅས་རེད། གཞི་རྒྱུ་གཙོ་བོའི་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད། རྒྱལ་མཚམས་སྒྲོལ་བའི་ཐོངས་མཆན་མི་དགོས་པ་དང་། དུས་གཏན་གནས་སྡོད། གཏོང་སྤྲོད་སྟབས་བདེ། ལས་གཉེར་ཐོབ་ཐང་ཁས་ལེན་སོགས་ལ་དམིགས་ནས་ཚོད་ལྟའི་ལས་འགན་བཏོན་ཏེ་ཕྱི་རྒྱལ་གྱི་ཤེས་ལྡན་པ་རྒྱལ་མཚམས་འཛུལ་སྒྲོལ་དང་ཀྲུང་གོར་ལས་གཉེར་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་མ་ཟད། དེ་དང་ཆབས་ཅིག་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲུན་གཅོད་དང་། ཁྲིམས་རྩོད་པའི་ལས་གཉེར། རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྲིམས་སྒྱུར། ཤེས་ལྡན་པ་གསོ་སྐྱོང་དང་གསོ་སྦྱོང་སོགས་ལ་དམིགས་ནས་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལས་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་རེད། སྒྲིག་སྲོལ་དང་ཚད་གཞི་ཕན་ཚུན་གཅིག་འབྲེལ་དང་མཐུན་འགྲིག་ཡོང་བ་བྱེད་པའི་ཐད། གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་དང་། ཚད་གཞི་བཟོ་བ། ཤེས་བྱའི་བདག་དབང་། ཚོང་སྤྱོད་ཀྱི་གསང་བའི་ཨང་གྲངས་སོགས་ལས་སྒོའི་ཁྱབ་ཁོངས་གལ་ཆེན་གྱི་རྨང་གཞིའི་ཚད་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་མཐུན་སྦྱོར་ལྟ་འདོམས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཐོན་ལས་ཀྱི་སྒོ་དབྱེ་ལག་བསྟར་ཇུས་གཞི་དང་ལྟ་འདོམས་བྱེད་ཐབས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་བཅས་རེད།

རྒྱ་ཆེར་གཏོང་བ།

སྨན་བཅོས་དང་། དངུལ་རྩ། གློག་འཕྲིན་སོགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ།

    སྨན་བཅོས་བདེ་ཐང་ཞབས་ཞུའི་ཁྱབ་ཁོངས་སུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་སྲིད་སིའི་སི་ཀྲང་ཅའོ་ཡཱ་ཧུའེ་ཡིས། ད་ཐེངས་ཀྱི《ལས་ཀའི་ཇུས་གཞིའི》ནང་ལས་འགན་གསར་པ་མང་པོ་བཀོད་སྒྲིག་བྱས་ཡོད་པ་དཔེར་ན། ཆ་རྐྱེན་འཛོམས་པའི་རྒྱལ་ཁོངས་ཕྱི་དང་ཀང་ཨའོ་ཐའེ་ཡི་སྨན་པས་ས་གནས་དེ་གར་སྨན་བཅོས་ཁང་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱི་རྒྱལ་གྱི་སྨན་པ་དཀའ་བཅུ་པ་དང་། སྨན་གཡོག སྨན་སྦྱོར་བ་སོགས་སྨན་བཅོས་ཆེད་ལས་ལག་རྩལ་མི་སྣས་གཏན་འབེབས་ལྟར་ས་གནས་དེ་གར་དུས་ཐུང་གི་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་དང་ལེགས་སུ་གཏོང་རྒྱུ་རེད། གྲངས་གཞིའི་བདེ་འཇགས་དང་ནད་པའི་གསང་བ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་བདེ་ཐང་སྨན་བཅོས་ཀྱི་གྲངས་གཞིའི་མཛོད་མཉམ་འཛུགས་མཉམ་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུ་མ་ཟད། ནད་ཐོག་སྨན་བཅོས་གྲངས་གཞིའི་ཚད་ལྡན་ཅན་དང་སྨན་ཁང་དབར་གྱི་སྒོ་དབྱེ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    དངུལ་རྩའི་ཞབས་ཞུའི་ཁྱབ་ཁོངས་སུ། ཀྲུང་གོ་མི་དམངས་དངུལ་ཁང་ཞིབ་འཇུག་ཅུས་ཀྱི་ཅུས་ཀྲང་ཝང་ཤིན་གྱིས། ཚོང་དོན་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། རྒྱལ་སྒྲོལ་ཀུང་སིའི་རྒྱལ་སྒྲོལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་དངུལ་དང་ཕྱི་དངུལ་གཅིག་གྱུར་གྱི་དངུལ་ཁང་གི་བསྡོམས་རྩིས་རྩིས་ཐོའི་མ་ལག་ལ་བརྟེན་པ། རྒྱལ་སྒྲོལ་ཚོང་དོན་དང་མ་འཇོག་གི་དམིགས་འཛུགས་མ་དངུལ་བསྡོམས་རྩིས་སྟབས་བདེ་ཡོང་བར་བྱེད་པ། རྒྱལ་སྒྲོལ་ཀུང་སིའི་རང་དངུལ་དང་ཕྱི་དངུལ་གྱི་རྒྱལ་སྒྲོལ་མ་དངུལ་གཅིག་སྡུད་གཉེར་སྐྱོང་དོ་དམ་སྲིད་ཇུས་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་སྒྲོལ་ཀུང་སིའི་ཚོགས་པའི་མ་དངུལ་བསྡུ་རུབ་བེད་སྤྱོད་ལ་སྔར་བས་སྟབས་བདེ་བསྐྲུན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    གློག་འཕྲིན་ཞབས་ཞུའི་ཁྱབ་ཁོངས་སུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་སིའི་སི་ཀྲང་ཤེ་ཚུན་གྱིས། ཕྱོགས་གཅིག་ནས་སྒོ་དབྱེའི་སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། དྲ་སྦྲེལ་སྦྲེལ་མཐུད་ཞབས་ཞུ(སྤྱོད་མཁན་ལ་དྲ་སྦྲེལ་སྦྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱེད་པ་ཁོ་ན་ཡིན)དང་། ཆ་འཕྲིན་ཞབས་ཞུ(ཉེར་སྤྱོད་ཚོང་ཁང་ཁོ་ན་ལས་ཕྱི་རྒྱལ་གྱི་ཚོང་པ་མ་འཇོག་བྱེད་མི་ཆོག་པའི་ཁྱབ་ཁོངས་ཚུད་མེད)སོགས་ལས་སྒོའི་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་གི་མ་རྐང་བསྡུར་ཚད་ཀྱི་ཚོད་འཛིན་མེད་པར་བཟོ་རྒྱུ་མ་ཟད། ཕྱི་རྒྱལ་གྱི་མ་དངུལ་ལ་རྒྱལ་ནང་གི་དྲ་སྦྲེལ་རྟོག་བཟོའི་ཆེད་སྤྱོད་དྲ་བའི་ལས་སྒོའི་སྒོ་མོ་ཕྱེ་ནས་ཕྱི་རྒྱལ་མ་དངུལ་གྱི་མ་རྐང་བསྡུར་ཚད་50%ལས་བརྒལ་མི་རུང་བ་བྱེད་དགོས་པ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཕན་འབྲས།

ཚོད་ལྟ་བྱ་ཡུལ་གྱི་ཞབས་ཞུའི་ལས་རིགས་ཀྱིས་ན་ནིང་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་བྱེད་ཚད་རྒྱལ་ཡོངས་ཀྱི་ཕྱེད་ཀ་བཟུང་བ།

    2015ལོ་ཚུན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་གསུམ་ལ་བགོས་ནས་པེ་ཅིང་སོགས་ས་གནས་11ལ་ཚོད་ལྟ་བྱེད་རྒྱུའི་ཆོག་མཆན་སྤྲད་དེ། ཁྲོམ་རར་ཞུགས་འཐུས་ཀྱི་ཚད་གཞི་མུ་མཐུད་དུ་ལྷུག་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་། སྒྲིག་འདོམས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་པ་བཅས་བྱས་ནས། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱི་མ་འཇོག་གཉེར་སྐྱོང་ལ་ཕུན་སུམ་ཚོགས་པའི་ཉེར་སྤྱོད་རྣམ་པ་དང་བརྟན་ལྷིང་དང་སྒོ་དབྱེའི་སྲིད་ཇུས་ཁོར་ཡུག་བསྐྲུན་ཡོད། ཚོང་དོན་པུའུ་ཕྱི་རྒྱལ་གྱི་མ་དངུལ་དང་མ་འཇོག་དོ་དམ་སིའི་སི་ཀྲང་ཀྲུའུ་པིང་གིས། དེ་གོང་ཚོད་ལྟ་བྱ་ཡུལ་ཁག་གསུམ་གྱིས་སྔ་རྗེས་སུ་རེས་སྐོར་7གྱི་ཚོད་ལྟའི་ལས་དོན་ཇུས་གཞི་ཁག་15དང་ཚོད་ལྟའི་ལས་འགན་ཁག་1300ལྷག་ཙམ་བཏོན་པ་དང་ཚོད་ལྟའི་ལས་འགན་རྒྱུན་ཆད་མེད་པར་གཏིང་ཟབ་སྒྲུབ་པར་སྐུལ་འདེད་བཏང་ནས་ཚོད་ལྟའི་ས་ཁོངས་ཀྱི་ཁྱབ་ཁོངས་སུ་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ཚན་རྩལ་དང་། དངུལ་རྩ། རིག་གནས། གློག་འཕྲིན། སློབ་གསོ་སོགས་ལས་རིགས་ཁྱབ་ཁོངས་12ཀྱི་སྒོ་དབྱེའི་བྱེད་ཐབས་ཚོད་ལྟ་དཔེ་སྟོན་ངང་བཏོན་ཏེ། སྒྲིག་ཆས་ཆེ་གྲས་དང་སྐྱེལ་འདྲེན་ཡོ་བྱད་ཀྱི་མ་དངུལ་བསྡུ་སྒྲིལ་བོགས་གཏོང་དང་། ཤེས་རིག་བདག་དབང་གི་གཏའ་འཇོག་མ་དངུལ་བསྡུ་སྒྲིལ། ལྕགས་ལམ་གྱི་ལེན་ཁྲའི་ཡིད་རྟོན་དཔང་ཡིག་གི་མ་དངུལ་བསྡུ་སྒྲིལ་དང་བསྡོམས་རྩིས་སོགས་ལས་རྣམ་གསར་པ་དང་བྱ་ཐབས་གསར་པ་སྣ་ཚོགས་སྐྱེད་སྲིང་བྱས་ཡོད། 2024ལོར་ཚོད་ལྟ་བྱ་ཡུལ་11གི་ཞབས་ཞུའི་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་2932བསྡུ་ལེན་བྱས་པ་དེས་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་བྱས་པའི་ཕྱེད་ཀ་ཙམ་བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

     སྨན་བཅོས་བདེ་ཐང་ཞབས་ཞུའི་ཁྱབ་ཁོངས་སུ། དེ་གོང་ཕྱི་རྒྱལ་མ་དངུལ་གྱི་སྨན་བཅོས་སྒྲིག་གཞི་འཕེལ་རྒྱས་གཏོང་བ་དང་ཕྱི་རྒྱལ་གྱི་སྨན་དོན་མི་སྣ་ནང་འདྲེན་སོགས་ཀྱི་ཐད་བྱེད་ཐབས་རབ་དང་རིམ་པ་ཚོད་ལྟའི་ངང་བཏོན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་མ་རྩ་མཉམ་བསྡུས་དང་མ་རྩ་ཁེར་འཇོག་གི་སྨན་བཅོས་སྒྲིག་གཞི་150ལྷག་ཙམ་ཡོད་པ་དང་རྒྱལ་ནང་དུ་དུས་ཐུང་ལས་གཉེར་བྱེད་པའི་ཕྱི་རྒྱལ་གྱི་སྨན་དོན་མི་སྣ་1500ལྷག་ཙམ་ཡོད་པ་རེད། གློག་འཕྲིན་ཞབས་ཞུའི་ཁྱབ་ཁོངས་སུ། གནས་ཐང་འཕར་བའི་གློག་འཕྲིན་ལས་སྒོ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཚོད་ལྟ་བྱས་པ་དང་པེ་ཅིང་གྲོང་ཁྱེར་གྱི་ཞབས་ཞུའི་ལས་རིགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་སོགས་ས་ཆ་བཞི་རུ་གནས་ཐང་འཕར་བའི་གློག་འཕྲིན་ལས་སྒོ་མང་པོ་ཞིག་གི་ཕྱི་རྒྱལ་མ་དངུལ་གྱི་མ་རྐང་བསྡུར་ཚད་ཀྱི་ཚོད་འཛིན་མེད་པར་བཟོ་རྒྱུའི་གཏན་འཁེལ་ཁ་གསལ་བཟོས་ཡོད། དངུལ་རྩའི་ཞབས་ཞུའི་ཁྱབ་ཁོངས་སུ། ལྗང་མདོག་དངུལ་རྩའི་ཚད་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར་ལྗང་མདོག་དངུལ་རྩའི་ཚད་གཞི་ཁག་6ཁྱབ་བསྒྲགས་བྱས་པ་དང་ཚད་གཞི་ཁག་19ཞིབ་འཇུག་བྱས་ནས་བཟོ་བཞིན་ཡོད། ཕྱོགས་སྒྱུར་དངུལ་རྩའི་ཚད་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། 2025ལོའི་ཟླ་1པོའི་ཟླ་མཇུག་བར་ཚོད་ལྟའི་ས་ཁུལ་དུ་བསྡོམས་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་425ཙམ་བཏང་ཡོད་པ་རེད།