གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་24ཉིན། 10:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་བཞི་པ་ནས་བཟུང་ལས་རྨས་འགན་བཅོལ་གྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་གྲོན་དངུལ་ཐད་ཀར་མཇུག་རྩིས་རྒྱག་པའི་ལས་དོན་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། ས་གནས་ཁག་གིས་རྒྱལ་ཡོངས་ཀྱི་ལས་རྨས་འགན་བཅོལ་གྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་མཇུག་རྩིས་ཆ་འཕྲིན་མ་ལག་ལ་བརྟེན་ནས་ལས་རྨས་ལས་བཟོས་སྤྱི་ཚོགས་འགན་སྲུང་གཱ(གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཚུད་པ)སྤྱད་ནས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པ་དང་སྨན་ཁང་དུ་སྡོད་པའི་ལས་རྨས་སྨན་བཅོས་གྲོན་དངུལ་དང་། སྨན་ཁང་དུ་སྡོད་པའི་ལས་རྨས་ནད་གསོའི་གྲོན་དངུལ། རམ་འདེགས་ཡོ་བྱད་སྒྲིག་སྦྱོར་གྱི་གྲོན་དངུལ་བཅས་ཐད་ཀར་མཇུག་རྩིས་རྒྱག་སྟངས་རིམ་བཞིན་མངོན་འགྱུར་བྱུང་ཡོད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་མཉམ་དུ《ལས་རྨས་འགན་བཅོལ་གྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་གྲོན་དངུལ་ཐད་ཀར་མཇུག་རྩིས་རྒྱག་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ལས་རྨས་ལས་བཟོ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འབྲེལ་ཡོད་ཐོབ་ཐང་སྲིད་ཇུས་དང་། སྨན་བཅོས་བརྒྱུད་རིམ། ཐོ་འགོད་འགྲོ་ལུགས་གཉེར་སྟངས། གྲོན་དངུལ་མཇུག་རྩིས་ཀྱི་ཁྱབ་ཁོངས་དང་བླང་བྱ་སོགས་ཀྱི་དོན་དག་ཁ་གསལ་བཟོས་ཡོད་པ་དང་དུས་མཚུངས། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་བར་གོམ་སྟབས་གསུམ་ལ་དབྱེ་ནས་རིམ་གསུམ་ལས་རྨས་གྲོས་མཐུན་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་ནད་གསོ་དང་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་གྱི་གྲོས་མཐུན་སྒྲིག་གཞི་ཕྱོགས་ཡོངས་ལ་ཁྱབ་རྒྱུ་རིམ་བཞིན་མངོན་འགྱུར་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་ད་དུང་ལས་རྨས་འགན་བཅོལ་ནང་ཞུགས་པ་མ་ཟད། ལས་རྨས་ངོས་འཛིན་དང་། ལས་རྨས་ནད་ལོག་བརྒྱབ་པ་གཏན་འཁེལ། ལས་རྨས་ལུས་གསོ་གཏན་འཁེལ་ལམ་ཡང་ན་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་གཏན་འཁེལ་ཟིན་པའི་ཡུལ་གཞན་དུ་ཡུན་རིང་སྡོད་པ། ཡུལ་གཞན་དུ་རྒྱུན་སྡོད་ལས་ཀ་བྱེད་པ་དང་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་སྒྱུར་བ་སོགས་ཀྱི་ལས་རྨས་ལས་བཟོས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་འབྲེལ་ཡོད་གྲོན་དངུལ་ཐད་ཀར་མཇུག་རྩིས་རྒྱག་པའི་རེ་འདུན་ཞུ་ཆོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་རེ་བ་འདོན་མཁན་ལ་ཐོ་འགོད་དོ་དམ་བྱེད་དགོས་པ་མ་ཟད། མ་དངུལ་དོ་དམ་དང་ཆ་འཕྲིན་མ་ལག་འཛུགས་སྐྲུན་ཡག་པོ་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།