འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་24ཉིན།

༄༅།།རྒྱལ་ཡོངས་ཀྱི་ལྕགས་ལམ་དང་མཁའ་ལམ་མཉམ་འདྲེན་རྒྱལ་སྒྲོལ་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་24ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་ལྕགས་ལམ་དང་མཁའ་ལམ་མཉམ་འདྲེན་རྒྱལ་སྒྲོལ་དུས་གཏན་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་ནས་ལམ་ཐག་སྤྱི་ལེ་4500ཟིན་པའི་ལྕགས་ལམ་དུམ་བུའི་སྐྱེལ་འདྲེན་ལེགས་གྲུབ་བྱུང་སྟེ་ཝུའུ་ལུའུ་མུའུ་ཆིའི་སན་ཕིང་བབས་ཚུགས་སུ་འབྱོར་ནས་ཡོ་རོབ་ཏུ་བསྐྱོད་པའི་འགྲུལ་བཞུད་འགོ་ཚུགས་པ་རེད། དུས་གཏན་མེ་འཁོར་འདི་བདེ་བླག་ངང་གཏོང་འགོ་ཚུགས་ནས་ལྕགས་ལམ་དང་མཁའ་ལམ་མཉམ་འདྲེན་གྱི་རྒྱལ་སྒྲོལ་ཟོག་འགྲེམས་བགྲོད་ལམ་ཆེན་པོ་བཏོད་དེ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དུས་གཏན་མེ་འཁོར་ཐོག་མ་དེ་ཟླ་4ཚེས་18ཉིན་ཀོང་ཀྲོའུ་རྒྱལ་སྤྱིའི་གྲུ་ཁའི་བབས་ཚུགས་ནས་ཐོན་ཏེ་ཆུ་ཚོད་66སོང་རྗེས་ཝུའུ་ལུའུ་མུའུ་ཆིའི་སན་ཕིང་བབས་ཚུགས་སུ་འབྱོར་བ་དང་དངོས་ཟོག་མགྱོགས་མྱུར་ཝུའུ་ལུའུ་མུའུ་ཆིའི་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་གི་མཁའ་འགྲུལ་ཟོག་འགྲེམས་ས་ཚུགས་སུ་འབྱོར་ཏེ་བདེ་འཇགས་ཞིབ་བཤེར་དང་སྒོ་ཁྲལ་སྙན་ཞུ་བྱས་པ་དང་མཁའ་འགྲུལ་ཟོག་འདྲེན་གྱི་གཙང་གླས་གནམ་གྲུ་བརྒྱུད་ཡོ་རོབ་ཏུ་སྐྱེལ་འདྲེན་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། དེ་གོང་ཧྭ་ནན་ས་ཁུལ་གྱི་རྒྱལ་སྒྲོལ་དྲ་ཐོག་དངོས་ཟོག་གི་ཚོང་ཟོག་གཙོ་བོ་རླངས་འཁོར་བརྒྱུད་ཝུའུ་ལུའུ་མུའུ་ཆིའི་བསྡུ་རུབ་ཁུལ་དུ་འདྲེན་པ་དང་དེ་རྗེས་ཡོ་རོབ་ཏུ་མཁའ་ཐོག་སྐྱེལ་འདྲེན་བྱེད་ཀྱི་ཡོད། གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་4400ལྷག་ཙམ་ཟིན་པས་རླུང་ཆེན་དང་གངས་ཆར་སོགས་ཀྱི་གནམ་གཤིས་སྡུག་པོ་དང་འགྱུར་ལྡོག་མང་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་སྲིད། ལྕགས་ལམ་སྐྱེལ་འདྲེན་གྱིས་སྐྱེལ་འདྲེན་གྱི་དུས་ཚོད་འགན་ལེན་དང་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་བཏང་བ་དང་ཆབས་ཅིག ད་དུང་འགྲུལ་པར་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་ཡང་བྱེད་ཐུབ་ཀྱི་ཡོད་པ་རེད།

    ཀྲུང་གོ་ལྕགས་ལམ་ཝུའུ་ལུའུ་མུའུ་ཆི་ཅུས་ཚོགས་པའི་ཚད་ཡོད་ཀུང་སི་95306ཟོག་འདྲེན་ཟོག་འགྲེམས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་དབྱང་གིས“ཀོང་ཀྲོའུ་ཡི་དངོས་ཟོག་དག་ཝུའུ་ལུའུ་མུའུ་ཆིའི་བབས་ཚུགས་བརྒྱུད་ཡོ་རོབ་ཏུ་འབྱོར་བའི”“ལྕགས་ལམ་+མཁའ་འགྲུལ”གྱི་རྒྱལ་སྒྲོལ་ཕྱོགས་བསྡུས་ཟོག་འགྲེམས་དྲ་རྒྱ་ཡིས་སྐྱེལ་འདྲེན་ནུས་པ་15%ཡན་མཐོ་རུ་བཏང་བས་སྔོན་དཔག་བྱས་ན་ལོ་ལྟར་ཟོག་འགྲེམས་དཔལ་འབྱོར་གྱི་མ་གནས་སྒོར་ཁྲི་སྟོང་ལྷག་ཙམ་གྲོན་ཆུང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།