གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་23ཉིན། 14:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་22ཉིན། སློབ་གསོ་པུའུ་ཡིས་《སྤྱིར་བཏང་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཀྱི་དཀར་ཆག་(2025ལོ་)》གསར་དུ་བརྗེས་པ་ཁྱབ་བསྒྲགས་བྱས་ནས། ཆེད་ལས་གསར་པ་29ཁ་སྣོན་བརྒྱབ་པ་རེད། དཀར་ཆག་གསར་པའི་ནང་ཆེད་ལས་རིགས་93དང་ཆེད་ལས་རིགས་845ཚུད་ཡོད་པས། ཆེད་ལས་ཀྱི་བཀོད་པ་ཇེ་ཆེར་བཏིང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་དང་ལེན་བྱ་རྒྱུར་ཤུགས་སྣོན་སྔར་ལྷག་རྒྱག་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཆེད་ལས་གསར་པ་29མང་དུ་བཏང་བ་དེས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཁྲོམ་རའི་དགོས་མཁོ། ཚན་རྩལ་འཕེལ་རྒྱས་ཀྱི་སྣེ་ཁྲིད་བཅས་གང་ལེགས་མཚོན་གྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཐད་ས་ཁོངས་ཀྱི་རྒྱལ་ཁབ་དབྱེ་བའི་རིག་པ་དང་། ཐཱན་སྙོམ་གྱི་ཚན་རིག་དང་ལས་གྲྭ། རྒྱ་མཚོའི་ཚན་རིག་དང་ལག་རྩལ། བདེ་ཐང་དང་སྨན་བཅོས་འགན་སྲུང་སོགས་པའི་ཆེད་ལས་མང་དུ་བཏང་བ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་མདུན་གྲལ་ལ་ཕྱོགས་ནས་རིག་ནུས་ཆ་རྡུལ་ལས་གྲྭ་དང་། སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ལས་གྲྭ། དུས་དང་བར་སྟོང་ཆ་འཕྲིན་ལས་གྲྭ་སོགས་པའི་ཆེད་ལས་མང་དུ་བཏང་བ། རང་འགུལ་ངང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་ནས་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་དོ་དམ་དང་མཁའ་འགྲུལ་ལུས་རྩལ་སོགས་པའི་ཆེད་ལས་མང་དུ་བཏང་བ་རེད། དེ་དང་ཆབས་ཅིག་རིག་ནུས་བཅོས་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུར་དམིགས་ནས། རིག་ནུས་བཅོས་མའི་སློབ་གསོ་དང་། རིག་ནུས་ཀྱི་བལྟ་ཉན་ལས་གྲྭ། གྲངས་འཛིན་གྱི་ཟློས་གར་སོགས་པའི་ཆེད་ལས་མང་དུ་བཏང་བ་རེད།
རྒྱལ་ཁབ་ཀྱི་འཐབ་ཇུས་སྔར་བས་མགྱོགས་པོར་དང་ལེན་བྱེད་ཆེད། སློབ་གསོ་པུའུ་ཡིས་འཐབ་ཇུས་ལ་འཕྲལ་དུ་མཁོ་བའི་ཆེད་ལས་ཀྱི་རྒྱུན་ལྡན་མིན་པའི་བཀོད་སྒྲིག་ལམ་སྲོལ་ཐོག་མར་བཙུགས་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་གསར་ཤོས་དང་ཚད་མཐོའི་དོ་ཁུར་བྱེད་པའི་འཐབ་ཇུས་ཁྱབ་ཁོངས་ཐད་འབྲེལ་ཡོད་ཆེད་ལས་བཀོད་སྒྲིག་འཕྲལ་དུ་དང་ལེན་བྱེད་པའི་“ཉེན་མེད་བགྲོད་ལམ”བཏོད་ཡོད། མཁའ་དམའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་ཏེ་གཅིག་སྡུད་ཐོག་རེ་བ་ཞུ་བའི་ཚོད་འཛིན་ལས་བརྒལ་ནས་པེ་ཅིང་མཁའ་སྐྱོད་མཁའ་འགྲུལ་སློབ་ཆེན་སོགས་མཐོ་སློབ་6ལ་མཁའ་དམའི་ལག་རྩལ་དང་ལས་གྲྭའི་ཆེད་ལས་མང་དུ་གཏོང་རྒྱུའི་མཛུབ་ཁྲིད་བྱས་པ་རེད།
མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(2025ལོར།)