འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་23ཉིན།

༄༅།།“དུས་རབས་གསར་པར་གླེང་མོལ་བྱེད་པའི”ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་སྨྱན་སྦྱོར་བའི་སྤེལ་རེས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་23ཉིན། 13:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཧ་ནོ་དབྱི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར“དུས་རབས་གསར་པར་གླེང་མོལ་བྱེད་པའི”ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་སྨྱན་སྦྱོར་བའི་སྤེལ་རེས་ཚོགས་འདུ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིར་ཚོགས་ར་གཙོ་བོ་དང་ཀྲུང་གོའི་ཀོང་ཤིས་ནན་ཉིང་དུ་ཡན་ལག་ཚོགས་ར་བྱས་ནས་འཚོགས་ཤིང་། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་དང་། མཐོ་སློབ། ཁེ་ལས་བཅས་ཀྱི་གཞོན་ནུའི་འཐུས་མི་སོགས་མི་500ལྷག་ཙམ་ས་གནས་གཉིས་ཀྱི་བྱེད་སྒོར་ཞུགས་པ་རེད།

     ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་དང་སྨྱན་སྦྱོར་ཚན་རྩལ་ཁྱབ་ཁོངས་ནས་ཡོང་བའི་གཞོན་ནུའི་འཐུས་མི་12ཀྱིས“དུས་རབས་གསར་པར་གླེང་མོལ་བྱེད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སྤེལ་རེས་བྱས་པ་རེད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་སྨྱན་སྦྱོར་བས་སྤེལ་རེས་མཉམ་ལས་དང་དམངས་སེམས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ཡིན་པའི་སྨྱན་སྦྱོར་གྱི་ནུས་པ་གང་ལེགས་བཏོན་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་ཐུན་མོང་གི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་མཉམ་ལས་འཕེལ་རྒྱས་གཏོང་བའི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་ཤོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དང་། གླིང་ལྔའི་ཁྱབ་སྤེལ་ལྟེ་གནས། ཝེ་ཐེ་ནམ་འབོད་སྒྲ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ། ཀོང་ཤིས་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་དང་ཀོང་ཤིས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་པ་རེད།