འཕེལ་རྒྱས་དང་། སྟོབས་ཆེན། དར་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་ཐུན་མོང་ཐོག་གཏོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་23ཉིན། 13:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཤིན་དབྱི་དང་། ཧོན་ཞང་། དབྱང་དབྱི།
ཉེ་ཆར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི《ཤིང་ཀྲོའུ་ཉིན་རེའི་ཚགས་པར》དང་། 《སྐར་ཚགས》 《ཉི་འོད་ཉིན་རེའི་ཚགས་པར》བཅས་ཀྱི་སྟེང་དུ《ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་གྲུ་གཟིངས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བར་མ་ལེ་ཞི་ཡར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་མ་ལེ་ཞི་ཡའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་མ་ལེ་ཞི་ཡ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་འཕེལ་རྒྱས་དང་། སྟོབས་ཆེན། དར་རྒྱས་བཅས་ཀྱི་མདུན་ལམ་ཡག་པོ་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།
མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་མ་ལེ་ཞི་ཡ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ།
“ཀྲུང་གོ་དང་མ་ལེ་ཞི་ཡ་ནི་མཚོ་ཁ་གཅིག་གི་ཕར་ཚུར་གནས་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། མཚོ་ཐོག་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་ལས་བརྒལ་བའི་མཛའ་གྲོགས་འགྲོ་འོང་ལ་བདེན་དཔང་བྱས་པ་དང་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ནི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་སྔར་བས་ཟབ་ཏུ་ཕྱིན་ཡོད”ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ཏུ་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོའི་མི་དམངས་རྣམས་གཉེན་ཉེ་དང་འདྲ་བར་རྒྱུན་དུ་འགྲོ་འོང་བྱས་ཏེ་མི་ཆོས་རིག་གནས་སྤེལ་རེས་དང་ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་བཏང་ནས་མི་དམངས་ཕན་ཚུན་དང་ལྷག་པར་དུ་གཞོན་ནུའི་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཟབ་ཏུ་གཏོང་དགོས་ཞེས་འཁོད་ཡོད།
མ་ལེ་ཞི་ཡའི་རྒྱའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་ཝུའུ་ཧེང་ཚན་གྱིས་ལོ་རྒྱུས་སུ་མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གནའ་བོའི་མཚོ་ཐོག་དར་གོས་ལམ་བུ་བརྒྱུད་འགྲོ་འོང་དམ་ཟབ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། མ་ལེ་ཞི་ཡ་དང་ཀྲུང་གོའི་དབར་སློབ་གསོའི་སྤེལ་རེས་མཉམ་ལས་དམ་ཟབ་བྱུང་བ་དང་། མ་ལེ་ཞི་ཡར་རྒྱ་ཡིག་སློབ་གསོར་དགའ་བསུ་ཐོབ་པ། ཀྲུང་གོར་མ་ལེ་ཞི་ཡའི་ཕྱི་སྦྱོང་སློབ་མ་ཉིན་རེ་བཞིན་མང་དུ་འགྲོ་བ་བཅས་ལས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་མ་ཐེབས་ཡོད་ཅེས་བརྗོད་པ་རེད།
གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་པ།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། མཚོ་ཐོག་དཔལ་འབྱོར། ཡུལ་སྐོར་དཔལ་འབྱོར་བཅས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།
མ་ལེ་ཞི་ཡའི་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དུ་ལྕོག་རིང་ལྗིད་འདེགས་འཕྲུལ་འཁོར་མང་བ་དང་འཁོར་རིགས་ཕར་འགྲོ་ཚུར་འོང་བྱས་ནས་མ་ལེ་ཞི་ཡའི་མ་ཀྲུང་ཀོན་ཏན་རྒྱལ་སྤྱིའི་ཟོག་འགྲེམས་གླིང་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད། “མ་ཀྲུང་ཀོན་ཏན་ཐོན་ལས་གླིང་ནི་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཡིན་ཞིང་། ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ས་ཁོངས་མཉམ་ལས་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད”ཅེས་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གི་མ་རྩ་མཉམ་འཇོག་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཀྲེན་ཧུའེ་ཡིས་ཐོན་ལས་གླིང་བཙུགས་ནས་ལོ་12སོང་རིང་ས་གནས་དེར་ལས་ཞུགས་གོ་སྐབས་སྟོང་ཕྲག་ཁ་ཤས་བསྐྲུན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དང་སྤྱི་པའི་ཞབས་ཞུ་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། འབྱུང་འགྱུར་མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་ངོགས་ལྕགས་ལམ་དང་མ་ཀྲུང་ཀོན་ཏན་རྒྱལ་སྤྱིའི་ཟོག་འགྲེམས་གླིང་བསྐྲུན་རྗེས་ས་ཁུལ་གྱི་དཔལ་འབྱོར་མཉམ་འགུལ་རང་བཞིན་སྔར་བས་ཆེ་རུ་ཕྱིན་ནས་དཔལ་འབྱོར་སྣ་མང་ཅན་ལ་འགྱུར་བར་རམ་འདེགས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་འཕེལ་རྒྱས་ལ་དྲང་ནུས་དེ་བས་མང་བ་བསྣན་པ།
“ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་མ་ལེ་ཞི་ཡ་འབོ་གསེར་གྱི་རོགས་ཟླའི་རྒྱལ་ཁབ་ཏུ་འགྱུར་བར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་འཁོད་པ་དེ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་འབད་འཐབ་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ལ་ཡང་ཕན་ཐོགས་ཡོད། དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་མ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ཟུར་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཇུས་འགོད་ཚོགས་པའི་ཚོགས་གཙོ་དབུང་ཧྲི་ཅེ་ཡིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཚོགས་སྤྱིའི་རང་བཞིན་གྱིས་འཕེལ་རྒྱས་ཕྱིན་པ་དེས་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་སྔར་བྱུང་མྱོང་མེད་པའི་གོ་སྐབས་བསྐྲུན་ཡོད། རྒྱལ་སྤྱིའི་དུས་བབ་ངེས་གཏན་རྩ་བ་ནས་མེད་པའི་དེང་གི་ཆར་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་སྒོ་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ནི་ཁུལ་ཁོངས་མཉམ་ལས་ཁྲོད་ཆེས་དངོས་གཉེར་དང་གྲུབ་འབྲས་ཕུན་སུམ་ཚོགས་ཤོས་ཤིག་རེད་ཅེས་འཁོད་ཡོད། མ་ལེ་ཞི་ཡའི་ས་ཁོངས་ཐབས་ཇུས་ཞིབ་འཇུག་ཁང་གི་གནས་སྐབས་ལས་ཚབ་ཀྲུའུ་ཞི་ཁྲེན་ཅ་ཤིན་གྱིས་དེར་ཚད་མཐོའི་མོས་མཐུན་བྱས་པ་རེད། “ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་ནི་ལོ་མང་བསྟུད་མར་ཕན་ཚུན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་། ཕྱོགས་གཉིས་པོས་ལག་རྩལ་སྤེལ་རེས་དང་། ཤེས་ལྡན་པ་གསོ་སྐྱོང་། ཤེས་རིག་ཕན་ཚུན་སློབ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། བརྒྱུད་རིམ་དེར་ཕྱིར་མིག་བལྟས་ན། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་པ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་རེད”ཅེས་ཁྲེན་ཅ་ཤིན་གྱིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མགོ་འདེགས་པ་སོགས་ཀྱི་འཕེལ་ཕྱོགས་མདུན་དུ་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མ་ལེ་ཞི་ཡ་ཚུད་པའི་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཚེ་ས་ཁུལ་གྱི་འཕེལ་རྒྱས་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་བསྣན་ཐུབ་རྒྱུ་རེད་བརྗོད་པ་རེད།