འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་23ཉིན།

༄༅།།དུས་ཚིགས་དང་པོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་དུས་མཚུངས་ལས་5.9%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་23ཉིན། 13:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

● འདི་ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་23.08ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ལས་བརྒྱ་ཆའི་གྲངས་4.6བརྒལ་བ།

● ཕྱིར་གཏོང་སྒོར་དུང་ཕྱུར་19.5ཟིན་པ་དེ་གཞི་རྩའི་ཆར་དོ་སྙོམས་བྱུང་བ་དང་། ནང་འདྲེན་སྒོར་དུང་ཕྱུར་3.58ཟིན་ནས་56.7%འཕར་ཡོད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་23.08ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ལས་བརྒྱ་ཆའི་གྲངས་4.6བརྒལ་བའི་ནང་། ཕྱིར་གཏོང་སྒོར་དུང་ཕྱུར་19.5ཟིན་པ་དེ་གཞི་རྩའི་ཆར་དོ་སྙོམས་བྱུང་བ་དང་། ནང་འདྲེན་སྒོར་དུང་ཕྱུར་3.58ཟིན་ནས་56.7%འཕར་ཡོད།

ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས། དུས་ཚིགས་དང་པོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འགོ་ཚུགས་བཀྲ་ཤིས་བྱུང་ནས། ཟླ་འཁོར་གྱི་འཕེལ་ཕྱོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཆ་དང་ནང་སྐྱེས་སྒུལ་ཤུགས་ཀྱང་རིམ་བཞིན་ཆེ་རུ་ཕྱིན་ཏེ་ལོ་ཧྲིལ་པོའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་འབོར་མཐོ་བ་དང་བརྟན་པོར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད་པ་རེད།

འདི་ལོ་ཚུན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རེས་སྐོར་གསར་པའི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་12སྤྱད་ནས། སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”སྔར་བས་ལེགས་སུ་གཏོང་བ་དང་། ལྟ་འདོམས་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ“འགྲོ་ལམ་སྦྲེལ་མཐུད་དང་། ཐོན་ལས་དར་རྒྱས། མཐའ་མཚམས་བརྟན་ལྷིང”བཅས་ཀྱི་ས་མཐོའི་སྒོ་དབྱེའི་མཐོ་ས་གཏོད་པར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བཞིན་ཡོད། འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ལས་སྒོ་ཡོངས་ཁྱབ་ཐུབ་ཡོད་ལ། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས“སྒུལ་ཤུགས་གཉིས”ཀྱི་ནུས་པའང་བཏོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་13.77བྱས་པ་དེས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་59.6%ཟིན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་9.07བྱས་ནས་22.2%འཕར་ཡོད། དུས་མཚུངས་ས་ཁུལ་དང་གྲོང་ཁྱེར་གཞན་དག་ཚང་མས་ཕྱི་ཕྱོགས་ཚོང་དོན་གྱི་མངོན་མེད་སྟོབས་ཤུགས་གོ་རིམ་ལྡན་པའི་ངང་འདོན་བཞིན་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)