བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་23ཉིན། 13:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་འཕེལ་རྒྱས་ཀྱི་སྟོན་གྲངས་ཞིབ་འཇུག་བྱ་གཞི་ཚོགས་ཆུང་དང་གོ་ཤིན་གྲོང་ཁྱེར་འབྲིང་ཆུང་གི་སྟོན་གྲངས་ཞིབ་འཇུག་ཁང་གིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི“2024ལོའི་ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོན་གྲངས་ཞིབ་འཇུག་གྲུབ་འབྲས”ནང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལོ་གསུམ་བསྟུད་མར“རྒྱལ་ཡོངས་ཀྱི་མ་འཇོག་གི་གཏིང་ཤུགས་ཆེ་བའི་ཆུས་ལེགས་གྲས་བརྒྱའི”གྲས་སུ་ཚུད་ཡོད་ལ། དེ་ནི་བོད་ལྗོངས་ནས་ཚུད་པའི་རྫོང(ཆུས)འབའ་ཞིག་ཀྱང་ཡིན་པ་རེད།
ཁེ་ལས་མང་པོ་རྩ་བ་ཚུགས་ནས་ཚོང་འགུཌ་མ་འདྲེན་ཚ་རླབས་འཕྱུར།
དཔྱིད་དུས་སུ། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཉེ་འདབས་སུ་གནས་པའི་ལྷ་ས་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་གླིང་དུ་སྐྱོད་སྐབས་གསར་འགོད་པས་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མཐོང་བྱུང་།
ཅིང་ཏུང་ཟོག་འགྲེམས་མཁོ་སྤྲོད་འཁོར་འབྲེལ་གྱི་སྨི་ངོས་གྲུ་ཁྲི་2.6ཟིན་པའི་མཛོད་ཁང་ཁུལ་དུ། ཟོག་སྒྲོམ་སྟེང་འབྲས་གྲོ་ཞིབ་དང་། སྣུམ། རྒྱུན་མཁོའི་དངོས་རྫས། ཁྱིམ་སྤྱོད་གློག་ཆས་སོགས་བསྒྲིགས་ཡོད་པ་དང་། མཛོད་ཁང་གི་འཕྲུལ་མི་ཕར་འགྲོ་ཚུར་འོང་བྱས་ནས་སྐྱེལ་འདྲེན་བྱེད་པ་དང་མཛོད་ཁང་ནས་དངོས་ཟོག་འདོན་མཁན་ལས་དོན་པས་གོ་རིམ་ལྡན་པའི་སྒོ་ནས་དབྱེ་བ་ཕྱེ་བ་དང་ཐུམ་སྒྲིལ་རྒྱག་བཞིན་ཡོད་ཅིང་། མཛོད་ཁང་གི་ཕྱི་རུ། ཟོག་འགྲེམས་རླངས་འཁོར་ཕར་འགྲོ་ཚུར་འོང་གིས་དངོས་ཟོག་འབེབས་པ་དང་དངོས་ཟོག་བསྐུར་བར་བྲེལ་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཐོན་ལས་ལེགས་སྒྲིག་རིམ་སྤོར་ཁྲོད་ཕན་པ་ཐོབ་ནས་ཁེ་ལས་མང་པོས་སྟོད་ལུང་བདེ་ཆེན་ཆུས་སུ་མགྱོགས་མྱུར་གཞིས་ཆགས་པར་བྱེད་ཀྱི་ཡོད། མིག་སྔར་ས་གནས་དེ་གར་ལིང་ཧྥེང་རིག་ནུས་ཟོག་འགྲེམས་གླིང་དང་ས་མཐོའི་ཟས་རིགས་གྲང་ཕྲེང་ལྟེ་གནས་ཚུད་པའི“གླིང་གསུམ་དང་ལྟེ་གནས་གཅིག”བཅས་ཀྱི་ཟོག་འགྲེམས་གླིང་ཆེ་གྲས་ཤིག་ཆགས་པ་དང་། ངར་ལྕགས་རྒྱུ་ཆ་ཉོ་ཚོང་ཁྲོམ་ར་དང་བཟོ་སྐྲུན་འཕྲུལ་ཆས་ཁྲོམ་ར་སོགས“ཆེད་ལས་ཀྱི་ཁྲོམ་ར་ཆེན་པོ་བཞི”བསྐྲུན་ཡོད་པ་རེད།
ཕྱོགས་སྒྱུར་རིམ་སྤོར་བྱེད་སྐབས། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་གསུམ་བསྟུད་མར་ལོ་རེར་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་ཁག་30ལེགས་སྒྲུབ་བྱས་པ་དང་ལོ་རེར་ཆ་སྙོམས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་གྱི་ཡོད་པ་རེད། སྣེ་འདྲེན་ཁེ་ལས་དང་ལས་རྣམ་གསར་པའི་ཐོན་ལས་ཁག་གཅིག་སྟོད་ལུང་བདེ་ཆེན་ཆུས་སུ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད།
སྟོད་ལུང་བདེ་ཆེན་ཆུས་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཝང་ཧྥུའུ་ཆི་ཡིས། ས་གནས་དེ་གས་ཕྱོགས་གཅིག་ནས་ཁེ་ལས་ཀྱི་ཡིད་དབང་འགུག་པ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་ལ་ཤུགས་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་སོགས་སྲིད་ཇུས་ཀྱི་བླང་བྱ་དང་མི་མཐུན་པའི་རྡོ་རྒྱུ་ལས་སྣོན་བཟོ་གྲྭ་21དང་། ས་ཕག་དང་སོ་ཕག་བཟོ་གྲྭ་15 ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་ཁེ་ལས་6སོགས་སྔ་རྗེས་སུ་སྒོ་རྒྱག་ཏུ་བཅུག་ཡོད་ཅེས་བཤད།
ས་མཐོའི་གྲོང་རྡལ་ཆུང་ངུར་ཁེ་ལས་གཅིག་ཏུ་འདུས་ནས་ས་ཁོངས་ཀྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2010ལོར་སྒོར་དུང་ཕྱུར་10ལས་བརྒལ་བ་དང་། 2018ལོར་སྒོར་དུང་ཕྱུར་30ལས་བརྒལ་བ། 2023ལོར་སྒོར་དུང་ཕྱུར་70ལས་བརྒལ་བ་བཅས་དང་། 2024ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་82.13ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་6.5%འཕར་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད་པ་རེད།
བྱ་ཐབས་གསུམ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོད་པ།
གངས་ལྗོངས་ས་མཐོའི་ས་བབ་མཐོ་ཚད་སྨི་4000ཟིན་ལ་ཉེ་བའི་རྫོང་དང་ཆུས་ཤིག་གིས་ཇི་ལྟར་བྱས་ནས་ཁེ་ལས་འབོར་ཆེན་ཞིག་མ་འཇོག་དང་གཞིས་ཆགས་པར་ཡིད་དབང་བཀུག་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པར་བྱས་སམ།
སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཡུན་པིན་གྱིས། ས་གནས་དེ་གས་ཞབས་ཞུའི་འཐབ་ཇུས་ཆེན་པོ་འདོན་པ་དང་། འཕེལ་ཕྱོགས་ཆེན་པོར་དམིགས་པ། ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་བྱ་ཐབས་གསུམ་སྤྱད་དེ་སྤུས་འབོར་གཉིས་ལྡན་གྱི་འཕེལ་རྒྱས་ལམ་བུ་ཞིག་ལེགས་གྲུབ་ལྡན་པའི་ངང་བཙལ་ཡོད་ཅེས་བཤད།
—— ས་བབ་ཀྱི་ལེགས་ཆ་བཏོད་ནས་མཉམ་འདུས་རྣམ་པའི་ཚོང་དོན་གླིང་བསྐྲུན་ཞིང་། བོད་ལྗོངས་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་དབྱེ་བའི་བགྲོད་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་སའི་སྐམ་སའི་གྲུ་ཁ་རྣམ་པའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་གཞི་རྟེན་ལས་སྟེགས་ལ་བརྟེན་ནས་ཟོག་འགྲེམས་གླིང་ཆེ་གྲས་མང་པོ་བསྐྲུན་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ས་ཁོངས་ཚོང་དོན་ལྟེ་གནས་དང་དེང་རབས་ཟོག་འགྲེམས་དཔེ་སྟོན་གྲོང་ཁྱེར་སྐྲུན་གང་ཐུབ་བྱེད་ཀྱི་ཡོད།
ཝང་ཧྥུའུ་ཆི་ཡིས། ཚོང་དོན་གླིང་ནི་ཁེ་ལས་ཀྱི་ཡིད་དབང་འགུག་པའི་སྒུལ་ཤུགས་སུ་གྱུར་ནས་གྲགས་ཅན་ཁེ་ལས་དང་སྣེ་འདྲེན་ཁེ་ལས་དེ་བས་མང་བ་སྟོད་ལུང་བདེ་ཆེན་དུ་གཞིས་ཆགས་པ་དང་གླིང་ཁུལ་ནང་ཐོན་ལས་འཁོར་འབྲེལ་གྱི་སྟོད་རྒྱུད་དང་སྨད་རྒྱུད་ཕན་ཚུན་འབྲེལ་མཐུད་བྱུང་ནས་མཉམ་འདུས་ནུས་འབྲས་དེ་བས་ཆེ་བ་ཐོན་ཡོད་ཅེས་བཤད།
—— འཕེལ་ཕྱོགས་ཆེན་པོ་དང་བསྟུན་ཏེ་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་ཞིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་རླུང་ནུས་དང་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་ཆོག་གི་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གས་ནུས་རྒྱུ་གཙང་མའི་ཁེ་ལས་ལ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཉེ་བའི་ལོ་གསུམ་རིང་ནུས་རྒྱུ་གཙང་མའི་རིགས་ཀྱི་རྣམ་གྲངས་ཁག་5གཞིས་ཆགས་པར་རིམ་རྩིས་བརྒྱབ་ན་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་7.9ཟིན་གྱི་ཡོད་པ་རེད།
ཀྲུང་གོ་ཉིང་རྡུལ(བོད་ལྗོངས)ནུས་རྒྱུ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཀྲའོ་ཝ་100ཟིན་པའི་ཞིང་ལས་དང་འོད་ཤུགས་གསབ་རེས་ཀྱི་རྣམ་གྲངས་སྐྲུན་བཞིན་ཡོད། ཀུང་སིའི་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་དབྱང་ཐིང་ཡུང་གིས། མིག་སྔར་ཀྲའོ་ཝ་40ཟིན་པའི་རྣམ་གྲངས་བསྐྲུན་ཟིན་པ་དང་དེ་ནས་བཏང་བའི་གློག་གློག་དྲ་ཆེན་པོར་སྦྲེལ་ཡོད། “འབྱུང་འགྱུར་ང་ཚོའི་ཐོན་ལས་མཉམ་འདུས་དང་སྟོད་སྨད་རྒྱུད་ཀྱི་ཁེ་ལས་མཉམ་འདུས་ཅན་གྱི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ངེས་རེད”ཅེས་ངོ་སྤྲོད་བྱས།
—— ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་འགོ་ཁྲིད་ལས་བྱེད་པས་རྗེས་སྙེག་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁས་ལེན་དོན་ཚན་ལ་འགུལ་རྣམ་ཞིབ་བཤེར་དང་ཁེ་ལས་ཀྱི་སྒོ་རྩར་བསྐྱོད་ནས་ཞབས་ཞུ་དང་རོགས་སྐྱོར་བྱེད་པ་སོགས་ཀྱི་ཆེད་དོན་ལས་དོན་རྒྱུན་གཏན་ངང་སྤེལ་ནས“འགོ་ཁྲིད་ལས་བྱེད་པས་གོ་རིམ་བརྒྱུད་པ”མ་ཟད། སྤྱི་པའི་དོན་ཚན་ཁག་57གྱི་ཞབས་ཞུ་བསྐྱར་སྒྲིག་དང་གོ་རིམ་བསྐྱར་འགོད་བྱེད་པར་སྐུལ་འདེད་བཏང་ཡོད།
མཆན་འགོད་དང་། ཁྲལ་བསྡུ། དངུལ་རྩ། ཚོང་འགུགས་སོགས་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་བས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། “ཀུང་སི་གཞིས་ཆགས་ཚུན་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་དང་། ཚད་ལྡན་གྱི་བཟོ་ཁང་། དེ་བཞིན་ལས་ཀ་བྱ་ཡུལ་དང་། ཞབས་ཞུ་སྤུས་ལེགས་བཅས་མཁོ་འདོན་བྱས་པ་མ་ཟད། ལས་མི་དཀོན་པ་སོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་བསལ་ནས་ང་ཚོས་རྗེས་མཐུད་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་བར་གོ་སྐབས་བསྐྲུན་བྱུང” བོད་ལྗོངས་ཅིའུ་ཤིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལུའོ་ཁྲེན་གྱིས། ཁེ་ལས་ཀྱིས་གན་རྒྱ་བཞག་ནས་གཞིས་ཆགས་རྗེས་ལོ་དེ་རང་ལ་ལས་འགོ་ཚུགས་པ་དང་ལོ་དེ་རང་ལ་ཚོད་ལྟའི་ཐོན་སྐྱེད་བྱེད་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
ཞན་ཆ་གསབ་པར་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
“གྲུབ་འབྲས་གཟེངས་སུ་ཐོན་པའི་ཚོང་འགུགས་མ་འདྲེན་ལས་དོན་ལ་བརྟེན་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་ཡོད” བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེན་ཕུའུ་ཡིས“འོན་ཀྱང་ས་གནས་འདི་གའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཁོར་འབྲེལ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ད་དུང་འགྲན་སློང་མང་པོ་ཡོད་པས་འབྲེལ་ཡོད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས”ཞེས་བཤད།
གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ནི་ཁེ་ལས་གཞིས་ཆགས་ཐད་གདམ་ག་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ། ས་གནས་དེ་གའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་དང་ཡང་འབྲེལ་བ་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ཐོགས་མེད་སྟོད་ལུང”གི་བྱ་སྤྱོད་འཆར་གཞིར་རྒྱུན་མཐུད་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་གཞུང་ལམ་དྲ་བ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་བསྐྲུན་ཟིན་པའི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་493ཟིན་པ་དང་ཤར་བགྲོད་ཐུབ་ཚད་100%ཟིན་པས“ཕྱིར་སྐྱོད”ཀྱི་ལམ་ཁ་ཡངས་སུ་ཕྱིན་པ་དང“ནང་དུ་ཡོང་བའི”སྐྱིད་སྣང་ཆེ་རུ་སོང་ཡོད།
“དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཞུང་ལམ་དང་། མདོང་དྲ། རླངས་འཁོར་འཇོག་ས། ཚོང་ཟོག་ཕྱོགས་བསྡུས་ཁྲོམ་ར་ཆེ་གྲས་སོགས་ཀྱི་ཐད་ད་དུང་མི་འདང་ས་ཡོད། གོམ་སྟབས་རྗེས་མར་ང་ཚོས་གྲུབ་ཆ་རང་མོས་འཁོར་རྒྱུག་དང་། ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག འཆར་འགོད་གཅིག་གྱུར་ལག་བསྟར་བཅས་ཀྱི་བསམ་ཕྱོགས་ལྟར་ཞན་ཆ་སྔར་བས་གསབ་ནས་ཁེ་ལས་འཕེལ་རྒྱས་གཏོང་བར་ཁྲོམ་རའི་རྒྱུ་རྐྱེན་ལེགས་སྒྲིག་དང་གཉེར་སྐྱོང་མ་གནས་དམའ་རུ་གཏོང་རྒྱུ་ཡིན”ཞེས་ཧྲི་ཡུན་པིན་གྱིས་བཤད།
“ང་ཚོས་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་དང་དཔྱད་གཞིར་བཟུང་སྟེ་དམིགས་གཞི་མཐོ་པོས་སྟོད་ལུང་གྲོང་གསར་འཆར་འགོད་འཛུགས་སྐྲུན་དང་དོ་དམ་བྱེད་རྩིས་ཡོད”སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཀྲང་ཕུར་བུ་རྒོད་སྐྱེས་ཀྱིས་སླད་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་བྱེད་པ་དེ་དམ་འཛིན་བྱ་གཞིར་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་དང་སྤྱི་པའི་ཞབས་ཞུ་ལེགས་གཏོང་བྱ་སྤྱོད་ལག་ལེན་བསྟར་ནས་ཁེ་ལས་དང་མི་འབོར་མཉམ་འདུས་བྱེད་པར་རྨང་གཞི་དེ་བས་ལེགས་པ་དང་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བཤད།
གཞན་ཡང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་གསབ་པའི་ཐད་སྔར་བས་ཤུགས་སྣོན་བརྒྱབ་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་སྤུས་ཚད་མཐོ་བའི་རྣམ་གྲངས་ནང་འདྲེན་དང་ལྗང་མདོག་ཐོན་ལས་སྐྱེད་སྲིང་བྱེད་པ་དམ་འཛིན་བྱ་གཞིར་བྱས་པས“མཉམ་འདུས་འཁོར་འབྲེལ”གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མར་ཆགས་ཡོད།
ཝང་ཧྥུའུ་ཆི་ཡིས“སླད་ཕྱིན་ང་ཚོས་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་དང་ཐོན་ལས་ཚོ་འདུས་ཀྱི་ནུས་པ་འདོན་རྒྱུ་ཡིན”“གཙོ་ཁྲིད་ཐོན་ལས་ལ་དམིགས་ཏེ་འཁོར་འབྲེལ་སྣུར་སྲིང་དང་གསབ་སྣོན་ཟམ་མི་ཆད་པར་བྱེད་པ་དང་ཐོན་ལས་ཚོ་འདུས་ཆགས་པར་བྱེད་པ་དང་ཆབས་ཅིག ཤེས་ལྡན་པ་མཉམ་འདུས་དང་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་མི་འདྲ་བའི་ཤེས་ལྡན་པའི་དགོས་མཁོ་བསྐངས་ནས་ཁུལ་ཁོངས་འཕེལ་རྒྱས་ལ་སྔར་བས་འདེགས་སྐྱོར་བྱེད་ཀྱི་ཡིན”ཞེས་བཤད། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་21ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)