འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་21ཉིན།

༄༅།།《ནག་ཆུ་གྲོང་ཁྱེར་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དོ་དམ་སྲོལ་ཡིག》དངོས་སུ་བཏོན་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་21ཉིན། 14:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། 《ནག་ཆུ་གྲོང་ཁྱེར་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དོ་དམ་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཞེས་བརྗོད་རྒྱུ)དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། 《སྲོལ་ཡིག》དེ་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པར་ཆོག་མཆན་གནང་བ་བརྒྱུད་2025ལོའི་ཟླ་5པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།《སྲོལ་ཡིག》འདི་བཟོས་པ་ནི་བོད་ལྗོངས་ཀྱི་སྐྱེ་དངོས་ཐོན་ཁུངས་རྐྱང་མ་སྲུང་སྐྱོབ་དོ་དམ་ཐད་ཀྱི་ས་གནས་ཀྱི་ཁྲིམས་འཛུགས་ཐེངས་དང་པོ་ཡིན་པ་རེད།

    《སྲོལ་ཡིག》ནང་ཐོན་ཁུངས་སྲུང་སྐྱོབ་དང་། འཚོལ་བསྡུ་དོ་དམ། སྤུས་རྟགས་སྲུང་སྐྱོབ། ལྟ་སྐུལ་དོ་དམ། བཅའ་ཁྲིམས་འགན་འཁྲི་སོགས་ཁྱོན་ལེ་ཚན་7དང་ནང་དོན་དོན་ཚན་38ཚུད་ཡོད། དེའི་དམིགས་ཡུལ་ནི་ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དང་གཉེར་སྐྱོང་སོགས་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ནག་ཆུའི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་འཛུགས་པ། ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཅས་ཡིན།

    ནག་ཆུའི་དབྱར་རྩྭ་དགུན་འབུ་ཞེས་པ་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། ལྷ་རི་རྫོང་། འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་། གཉན་རོང་རྫོང་སོགས་རྒྱལ་ཁབ་ཀྱིས་སྤྱི་བསྒྲགས་བྱས་པའི་ས་ཁམས་མཚོན་རྟགས་ཐོན་རྫས་བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་ཁྱབ་ཁོངས་སུ་རང་བཞིན་དུ་སྐྱེས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་དབྱར་རྩྭ་དགུན་འབུ་ལ་ཟེར། 《སྲོལ་ཡིག》ནང་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དང་དོ་དམ་བྱེད་པར་ལྗང་མདོག་འཕེལ་རྒྱས་དང་། སྲུང་སྐྱོབ་གཙོ་བོར་བྱེད་པ། ལུགས་མཐུན་བེད་སྤྱོད་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ། སྲིད་གཞུང་གིས་གཅིག་འདོམས་སྐུལ་འདེད་གཏོང་བ། སྡེ་ཁག་མཐུན་སྦྱོར་མཉམ་འགུལ། ལས་རིགས་ཀྱིས་རང་གཅུན་ཁྲིད་སྟོན། སྤྱི་ཚོགས་མཐུན་སྦྱོར་ཐེ་ཞུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་གཏན་ལ་ཕབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་ནི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ཡིན་པ་དང་དེ་རྫོང་(ཁུལ)6ལ་ཁྱབ་ཡོད་པ་རེད། མིག་སྔར། ནག་ཆུ་གྲོང་ཁྱེར་ལ་“ནག་ཆུའི་དབྱར་རྩྭ་”“ནག་ཆུའི་དབྱར་རྩྭ་དགུན་འབུ”“སྦྲ་ཆེན་གྱི་དབྱར་རྩྭ་དགུན་འབུ”བཅས་ས་ཁམས་མཚོན་རྟགས་དཔང་རྟགས་ཚོང་རྟགས་གསུམ་དང་། “བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་”བཅས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་1དང་། “བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་”ས་ཁམས་མཚོན་རྟགས་ཐོན་རྫས་དེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་བེད་སྤྱོད་སྐུལ་འདེད་ཀྱི་གཙོ་གནད་འབྲེལ་གཏུག་མཛུབ་ཁྲིད་མིང་ཐོའི་ནང་བདེ་བླག་ངང་བཅུག་ཡོད་པ་རེད།