འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཤིན་དབྱི། ཁྲུའུ་ཅུན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་21ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མི་དམངས་ཉིན་རེའི་ཚགས་པར་དང་མ་ལེ་ཞི་ཡའི་སྨྱན་སྦྱོར་གྱིས་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ཉེ་ཆར་མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་དུ་འཚོགས་པ་རེད། མི་དམངས་ཉིན་རེའི་ཚགས་པར་དང་། མ་ལེ་ཞི་ཡ་རྒྱལ་ཁབ་གསར་འགྱུར་ཁང་། 《ལྷོ་ཕྱོགས་མཚོ་འགྲམ་ས་ཁུལ་གྱི་ཚོང་འཕྲིན》 《སིང་ཀ་ཕོར་ཉིན་རེའི་ཚགས་པར》 《སྐར་ཚོམ་ཚགས་པར》 ཨེ་ཤེ་ཡའི་ཧུང་ཏན་སྨྱན་སྦྱོར་བཅས་དང་དེ་བཞིན་མ་ལེ་ཞི་ཡ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་དང་མ་ལེ་ཞི་ཡའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཇུས་འགོད་ཚོགས་པ། མ་ལེ་ཞི་ཡའི་ཨེ་ཤེ་ཡའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་གསར་པ་སོགས་ལས་ཁུངས་ནས་ཡོང་བའི་སྨྱན་སྦྱོར་གྱི་གསར་འགོད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོགས་འདུར་ཞུགས་པ་རེད། མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨོའུ་དབྱང་ཡུས་ཅིང་དང་། མ་ལེ་ཞི་ཡ་རྒྱལ་ཚོགས་ཀྱི་གྲོས་མི་དང་ས་ཁོངས་ཐབས་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ལི་ཅན་ཚུང་གིས་ཤིས་ཚིག་བསྒྲོན་པ་རེད།
ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་སྐབས། ཀྲུང་མ་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་དང་། མ་ཀྲུང་ཀོན་ཏན་ཐོན་ལས་གླིང་། ཀོན་ཏན་གྲུ་ཁ། ཞ་མོན་སློབ་ཆེན་མ་ལེ་ཞི་ཡ་ཡན་ལག་སློབ་གྲྭ་སོགས་རྣམ་གྲངས་ལ་ལྟ་སྐོར་བྱས་ནས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་མའི་གྲུབ་འབྲས་གསར་ཤོས་ཤེས་རྟོགས་བྱས་པ་རེད། མཉམ་སྤྱོད་ཚོགས་འདུའི་ཐོག་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་ལྟ་སྐོར་ལ་ཞུགས་པའི་མྱོང་ཚོར་སྤེལ་རེས་བྱས་པ་མ་ཟད། ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་གཞིར་བཟུང་བཟོས་པའི་བརྙན་ཐུང་ལའང་བལྟས་པ་རེད།
“ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་རིང་མ་ཀྲུང་སྨྱན་སྦྱོར་གྱི་མཉམ་ལས་རྣམ་པ་གསར་གཏོད་བྱས་ཡོད” མ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཅི་ཏེ་ཡིས། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་ཐད་སྨྱན་སྦྱོར་གྱིས་གནས་ཚུལ་གཏོང་སྤེལ་བྱས་ཚེ། དམངས་ཚོགས་དེ་བས་མང་བས་མཉམ་ལས་ཀྱི་གྲུབ་འབྲས་ཤེས་རྟོགས་ཐུབ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ལ་སྔར་བས་སྐུལ་འདེད་གཏོང་ཐུབ་རྒྱུ་རེད་ཅེས་བརྗོད།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལིའུ་ཧུའེ་ཡིས། སྤེལ་རེས་ནི་ཕན་ཚུན་བསམ་ཤེས་ཀྱི་རྨང་གཞི་ཡིན་པས། རྒྱལ་ཁབ་མི་འདྲ་བའི་དམངས་ཚོགས་དབར་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་ཐུབ། སླད་ཕྱིན་ཀྲུང་མའི་སྨྱན་སྦྱོར་གྱིས་སྤེལ་རེས་གྱི་བྱེད་སྒོ་དེ་བས་མང་བ་སྤེལ་ནས་ཀྲུང་མའི་མཛའ་གྲོགས་རྒྱུན་མཐུད་ཡོང་བར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
《སྐར་ཚོམ་ཚགས་པར》གྱི་གསར་འགོད་པ་ཕན་དབྱི་ལིན་གྱིས། སྤུས་ཚད་མཐོ་པོས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་མ་ཀྲུང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མ་ལེ་ཞི་ཡར་ཡུན་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་པ་དང་། ཚོང་དོན་དང་། ཡུལ་སྐོར། དེ་བཞིན་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བརྗོད། ཁོང་གིས་མུ་མཐུད་གནས་ཚུལ་སྤེལ་ནས་མ་ལེ་ཞི་ཡའི་ཀློག་པ་པོར་འབྲེལ་ཡོད་འཕེལ་རྒྱས་ཀྱི་གྲུབ་འབྲས་དོན་དངོས་དང་ཕྱོགས་ཡོངས་ཀྱི་སྒོ་ནས་བརྒྱུད་སྤེལ་བྱེད་ཀྱི་ཡིན་ཞེས་བརྗོད།
མཉམ་སྤྱོད་ཚོགས་འདུའི་ཐོག་ཚོགས་ཞུགས་འཐུས་མིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཀྲུང་མའི་འཕེལ་རྒྱས་མདུན་ལམ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་རེ་འདུན་མཚོན་པར་བྱས་ཡོད།
མ་ལེ་ཞི་ཡ་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ཟུར་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཇུས་འགོད་ཚོགས་པའི་ཚོགས་གཙོ་ཝུང་ཧྲི་ཅེ་ཡིས། ན་ནིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་རིམ་སྤོར་གྲོས་མོལ་3.0དཔར་གཞི་ངོ་བོའི་རང་བཞིན་གྱི་སྒོ་ནས་མཇུག་འགྲིལ་བ་དེའི་ནང་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། མཁོ་སྤྲོད་མཁོ་འབྲེལ་ཕན་ཚུན་སྦྲེལ་མཐུད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཚུད་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན། ས་ཁུལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད། (འདི་ག་ཚགས་པར་ཁང་དུ་ཁྭ་ལ་ལུམ་ཕུར་ནས་འབྱོར་པའི་གློག་འཕྲིན)