འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་20ཉིན།

༄༅།།རང་རྒྱལ་གྱིས་རྟོག་བཟོའི་གློག་ཁང་དེ་བས་མང་བ་བསྐྲུན་ཉེར་ཡོད་པ།

2030ལོར་སླེབས་སྐབས་སྙོམས་སྒྲིག་བྱེད་ནུས་ཆན་ཝ་ཁྲི་5000ཡན་ཟིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་20ཉིན། 11:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཏིང་དབྱི་ཐིང་།

རྟོག་བཟོའི་གློག་ཁང་མཐོང་རྒྱུ་མེད་ལ་རེག་རྒྱུའང་མེད་པ་མ་ཟད། ཡུག་འབྲེལ་གྱི་འཁོར་ཁང་དེ་བས་མེད། འོན་ཀྱང་ཁ་ཐོར་རྣམ་པའི་གློག་ཁུངས་དང་། སྙོམས་སྒྲིག་ཐེག་ནུས། གསོག་ནུས་སོགས་ཁ་ཐོར་གྱི་ཐོན་ཁུངས་སྣ་ཚོགས་གཅིག་ཏུ་བསྡུས་ནས་མཉམ་དུ་གློག་ཤུགས་མ་ལག་ལེགས་འགྱུར་དང་གློག་ཤུགས་ཁྲོམ་རའི་ཉོ་ཚོང་ནང་ཞུགས་ཏེ་གློག་ཤུགས་མཁོ་སྤྲོད་ནུས་པ་དང་། ནུས་རྒྱུ་གསར་པ་འདྲེན་སྤྱོད་སྐུལ་གཏོང་སོགས་ལ་ནུས་པ་ཆེན་པོ་འདོན་གྱི་ཡོད།

ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《རྟོག་བཟོའི་གློག་ཁང་འཕེལ་རྒྱས་འགྲོ་བར་གང་མགྱོགས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པའི་ནང་། 2027ལོར་སླེབས་སྐབས། རྟོག་བཟོའི་གློག་ཁང་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་གྱི་ལམ་སྲོལ་འཐུས་ཚང་དང་ཚད་ལྡན་ཡོང་བར་བྱས་ཏེ། གློག་ཤུགས་ཁྲོམ་རར་ཞུགས་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཡོངས་སུ་རྟོག་བཟོའི་གློག་ཁང་གི་སྙོམས་སྒྲིག་བྱེད་ནུས་ཆན་ཝ་ཁྲི་2000ཡན་ཟིན་པ་དང་། 2030ལོར་སླེབས་སྐབས། རྒྱལ་ཡོངས་སུ་རྟོག་བཟོའི་གློག་ཁང་གི་སྙོམས་སྒྲིག་བྱེད་ནུས་ཆན་ཝ་ཁྲི་5000ཡན་ཟིན་པ་བྱ་རྒྱུ་ཡིན་ལུགས་བསྟན་ཡོད་པ་རེད།

རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། བསམ་འཆར་བཟོས་པ་ནི་རྟོག་བཟོའི་གློག་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་གཏུགས་ཀྱི་བླང་བྱ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་རྟོག་བཟོའི་གློག་ཁང་འཛུགས་སྐྲུན་ལ་འཚོལ་ཞིབ་ཧུར་ཐག་བྱས་པས། ཀོང་ཏུང་དང་། ཧྲན་ཏུང་། ཧྲན་ཤིས་སོགས་ཞིང་ཆེན་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཡིན་ནའང་སྤྱི་ཡོངས་ནས་བལྟས་ན། རྒྱལ་ཡོངས་སུ་རྟོག་བཟོའི་གློག་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་འགོ་བཙུགས་མ་ཐག་པའི་དུས་མཚམས་སུ་གནས་པས། ཕྱོགས་ཁག་གིས་འཛིན་པའི་རྟོག་བཟོའི་གློག་ཁང་གི་གོ་དོན་དང་བྱེད་ནུས་གཏན་འཁེལ་ལ་ད་དུང་ངོས་འཛིན་གཅིག་མཐུན་མེད་སྟབས་རྟོག་བཟོའི་གློག་ཁང་འཕེལ་རྒྱས་ལ་འཚམ་པའི་དོ་དམ་གྱི་བླང་བྱ་དང་། ཁྲོམ་རའི་ལམ་སྲོལ། ཚད་གཞིའི་མ་ལག་བཅས་ད་དུང་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་ཀྱི་ཡོད། བསམ་འཆར་ནང་རྟོག་བཟོའི་གློག་ཁང་གི་གོ་དོན་དང་བྱེད་ནུས་གཏན་འཁེལ་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛུགས་སྐྲུན་འཁོར་སྐྱོད་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གློག་ཤུགས་ཁྲོམ་རར་ཞུགས་པ་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་འཁོར་སྐྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལག་རྩལ་གསར་གཏོད་དང་ཚད་ལྡན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གཙོ་བོ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་རིང་བུ་ཁྲིད་དང་པ་ཚེས་ཞུས)