གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་18ཉིན། 10:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2025ལོའི་དུས་ཚིགས་དང་པོའི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཞིབ་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། དུས་ཚིགས་དང་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་318758ཟིན་པ་དང་། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་5.4%འཕར་ནས་ལོ་གོང་མའི་དུས་ཚིགས་བཞི་པའི་ཟླ་བསྡུར་ལས་1.2%འཕར་ཡོད། གཞི་ཆེའི་སྲིད་ཇུས་ཁག་གིས་མུ་མཐུད་ནུས་པ་ཐོན་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་བསྟུན་ཏེ་རྒྱལ་དམངས་དཔལ་འབྱོར་འགོ་བརྟན་པོ་འཛུགས་ཐུབ་པ་དང་། འགོ་ཡག་པོ་འཛུགས་ཐུབ་པ། རྒྱུན་མཐུད་འཕར་ནས་ལེགས་ཕྱོགས་སུ་འགྲོ་བ། གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་འགྲོ་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་བསྲིང་དང་སྟོབས་ཆེར་ཕྱིན་པ་བཅས་བྱུང་ཡོད།
ཐོན་སྐྱེད་དང་མཁོ་སྤྲོད་ཅུང་མགྱོགས་པོ་འཕར་ཞིང་། དུས་ཚིགས་དང་པོའི་ཞིང་ལས(འདེབས་འཛུགས་ལས་རིགས)ཀྱི་འཕར་ཐང་དུས་མཚུངས་ལས་4.0%འཕར་བ་དང་། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.5%འཕར་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.7འཕར་མགྱོགས་སུ་ཕྱིན་པ། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་5.3%འཕར་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.3འཕར་མགྱོགས་སུ་ཕྱིན་ཡོད།
ཁྲོམ་རའི་བྲིན་ཚོང་འཕར་ཚད་མཐོ་རུ་སོང་ཞིང་། དུས་ཚིགས་དང་པོར་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་124671ཟིན་ནས་དུས་མཚུངས་ལས་4.6%འཕར་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.1འཕར་མགྱོགས་སུ་ཕྱིན་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བཅད་གྲངས་ཡན་གྱི་སྡེ་ཚན་གྱི་འཕྲིན་གཏོང་ཡོ་ཆས་རིགས་དང་། རིག་གནས་གཞུང་ལས་སྤྱོད་ཆས་རིགས། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས། ཁྱིམ་ཆས་རིགས་བཅས་ཀྱི་ཚོང་ཟོག་སིལ་འཚོང་དངུལ་འབོར་26.9%དང་། 21.7% 19.3% 18.1%བཅས་སོ་སོར་འཕར་ཡོད།
གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད(ཞིང་དུད་ཚུད་མེད)སྒོར་དུང་ཕྱུར་103174ཟིན་ནས་དུས་མཚུངས་ལས་4.2%འཕར་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.0འཕར་མགྱོགས་སུ་ཕྱིན་པ་དང་ས་ཁང་བདག་ཁོངས་གསར་སྤེལ་ལ་མ་དངུལ་བཏང་བ་འཐེན་ཚེ། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་8.3%འཕར་ཡོད།
ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་གྱི་ཆ་སྙོམས་5.3%ཟིན་པ་དང་། ཟླ་3པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་གྱི་5.2%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད།
གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12179ཟིན་པ་དེ་དུས་མཚུངས་ལས་མིང་ཐོག་ནས་5.5%འཕར་བ་དང་རིན་གོང་གི་རྒྱུ་རྐྱེན་འཐེན་ཚེ་དོན་དངོས་ཐོག་5.6%འཕར་ཡོད།
(བདེ་སྐྱིད་ཀྱིས་བསྒྱུར། པད་ཆོས་ཀྱིས་ཞུས)