འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་18ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་དུས་ཚིགས་དང་པོར་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་200ལྷག་ཙམ་མི་ཕོག་པ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་18ཉིན། 10:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་རིམ་ཁག་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་རིག་ལྡན་ལས་སྟེགས་315དང་12315ཡི་གཞན་སྒྱུར་གྱོད་གཞི་9024བདག་སྤྲོད་བྱས་པ་ལས། གྱོད་གཞི་6929ཐག་གཅོད་བྱས་ཤིང་ཐག་གཅོད་ཐུབ་ཚད་76.8%ཟིན་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་201.7ལྷག་ཙམ་མི་ཕོག་པ་བྱས་པ་རེད།

    གྲངས་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་པས་བཟའ་བཅའི་བདེ་འཇགས་དང་། ཐོན་རྫས་ཀྱི་སྤུས་ཚད། གན་རྒྱའི་དོན་ཚན། ཕྱིར་ཚོང་རྗེས་ཀྱི་ཞབས་ཞུ་སོགས་ཀྱི་གནད་དོན་ལ་ཞུ་གཏུག་རྒྱག་རིགས་མངོན་གསལ་དོད་དུ་ཕྱིན་ཞིང་། དེ་ཡང་། འཚོང་བཞིན་པའི་བཟའ་བཅར་རུལ་བ་དང་། ངོ་བོ་འགྱུར་བ། དངོས་པོ་གཞན་བསྲེས་པ། དུས་ཚོད་ཡོལ་བ། བཟའ་བཅའི་རྒྱུ་ཆ་སོས་པ་མིན་པ་བཅས་ཀྱི་གནད་དོན་དང་། མངགས་ཟས་འཕྲོད་བསྟེན་མེད་པ་དང་། ཐུམ་ཡག་པོ་བརྒྱབ་མེད་པ། དུས་ཐོག་ཏུ་མི་སྐྱེལ་བ། གཉེར་སྐྱོང་བའི་རྣམ་འགྱུར་ངན་པ། སྔོན་ནས་ཐུམ་བརྒྱབ་པའི་བཟའ་བཅའི་དུས་ཚོད་ཡོལ་བ། སྔོན་ནས་ཐུམ་བརྒྱབ་པའི་བཟའ་བཅའི་གྲུབ་ཆ་ཚད་ལྡན་མིན་པ། བཟའ་བཅའ་མིན་པའི་རྒྱུ་ཆ་དང་བཟའ་བཅའ་ཐད་ཀར་འདྲེས་པ་སོགས་ཀྱི་གནད་དོན། ཕྱིར་ཚོང་བྱས་རྗེས་ཞབས་ཞུ་བས་ཕྱིར་ཚོང་མ་བྱས་གོང་གི་ཁས་ལེན་ལག་བསྟར་མི་བྱེད་པ་དང་། ཕྱིར་ཚོང་བྱས་རྗེས་རང་འགན་གཞན་དཀྲི་བྱེད་པ། “འགན་ལེན་གསུམ”གྱི་འོས་འགན་ལག་བསྟར་ཕྱིར་འགྱངས་བྱེད་པའམ་ཡང་ན་ཆ་ཤས་ལས་ལག་བསྟར་མི་བྱེད་པ་སོགས་ཀྱི་གནད་དོན། ཕྱིར་ཚོང་བྱས་རྗེས་ཀྱི་ཞབས་ཞུའི་ལག་རྩལ་ཆུ་ཚད་ཞན་པ་དང་། བཟོ་བཅོས་ཐེངས་མང་བྱས་ཀྱང་གནད་དོན་སྔར་བཞིན་ཐག་གཅོད་མི་ཐུབ་པ། ཚོང་ཟོག་དང་ཞབས་ཞུའི་དངུལ་ཕྱིར་སློག་དང་དངོས་ཟོག་ཕྱིར་སློག་གི་འོས་འགན་ལག་བསྟར་མི་བྱེད་པ་སོགས་ཀྱི་གནད་དོན། གཉེར་སྐྱོང་བས་གན་རྒྱའི་ནང་ཁ་ཆད་བྱས་པའི་འོས་འགན་ལག་བསྟར་མི་བྱེད་པའམ་ཡང་ན་གན་རྒྱའི་འབྲེལ་ཡོད་འགན་འཁྲི་ལག་བསྟར་ཕྱིར་འགྱངས་བྱེད་པ་དང་། གཉེར་སྐྱོང་བས་གན་རྒྱའི་རྣམ་གཞག་དོན་ཚན་སྤྱད་ནས་འཁུར་དགོས་ངེས་ཀྱི་འགན་འཁྲི་ལས་གཡོལ་བའམ་འཛད་སྤྱོད་པའི་འོས་འགན་ལྕི་རུ་གཏོང་བ་དང་འཛད་སྤྱོད་པའི་ཁེ་དབང་ལ་ཚོད་འཛིན་བཟོ་བ། ཕྱིར་ཚོང་བྱས་པའི་ཚོང་ཟོག་གམ་ཡང་ན་མཁོ་འདོན་བྱས་པའི་ཞབས་ཞུའི་རིན་གོང་གསལ་པོ་མེད་པའམ་ཡང་ན་རིན་གོང་ཁ་གསལ་བཀོད་པ་ཚད་ལྡན་མིན་པ། རིན་གོང་མཐོ་དྲགས་པ་བཅས་ཀྱི་གནད་དོན་ཡོད་པ་རེད།

    ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་རིག་ལྡན་315ལས་སྟེགས་ཀྱི་འཛད་སྤྱོད་ཞུ་གཏུག་དུས་ཐོག་ཏུ་ཤར་བགྲོད་དང་། སྟབས་བདེ་ནུས་ཆེ། ཀུན་གསལ་ཡོངས་བསྒྲགས་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་འཛད་སྤྱོད་པ་དང་གཉེར་སྐྱོང་པར་ལས་སྟེགས་ཀྱི་དྲ་ཚིགས་དང་། ལག་ཐོགས་ཁ་པར་གྱི་བྱ་རིམ་ཆུང་ངུ་དང་དེ་བཞིན་སྐད་འཕྲིན་སྤྱི་རྟགས་ཀྱི་བཀོལ་སྤྱོད་དུད་སྣེ་བཅས་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་བྱས་ཏེ། གཉེར་སྐྱོང་བ་ལས་སྟེགས་སུ་ཞུགས་པར་སྐུལ་མ་གཏོང་བ་དང་། འཛད་སྤྱོད་རྩོད་གཞི་སྔོན་ལ་འདུམ་འགྲིག་བྱེད་པར་སྐུལ་འདེད་བཏང་ནས་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་སྔར་བས་ཤར་བགྲོད་ཐུབ་པ་དང་། སྣ་མང་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩོད་གཞི་ཐག་གཅོད་བྱེད་མྱུར་བ། ཁེ་དབང་སྲུང་སྐྱོང་ནུས་ལྡན་བཅས་ཧུར་ཐག་ཡོང་བ་བྱ་རྒྱུ་རེད།