གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གསར་འགོད་པར་ཚེས་14ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྡོད་ཁང་ལས་གྲྭའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལས་གྲྭའི་སྒྲ་འགོག་པ་དང་། དྲི་འགོག སིམ་འགོག་སོགས་ཀྱི་སྤུས་ཚད་ཀྱི་སྐྱོན་གཙོ་གནད་ཐོག་དག་ཐེར་བྱ་རྒྱུ་རེད།
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས། ས་གནས་ཁག་གིས་སྡོད་ཁང་གསར་རྒྱག་གི་ལས་གྲྭ་དེ་ཚད་གཞི་གསར་པ་ནན་པོར་གཞིགས་ནས་ལག་བསྟར་བྱེད་དགོས་པ་མ་ཟད། སྒྲ་འགོག་དང་། དྲི་འགོག ཆུ་འགོག་སོགས་ཀྱི་ཇུས་འགོད་དེ་ཨར་ལས་དཔེ་རིས་ཇུས་འགོད་ཡིག་ཆར་ཞིབ་བཤེར་བྱེད་པའི་གཙོ་གནད་དུ་འཛིན་དགོས་པའི་བླང་བྱ་བཏོན་ཡོད། ཇུས་འགོད་སྡེ་ཚན་གྱིས་“ཇུས་འགོད་ལེགས་འགྱུར་”སོགས་ཀྱི་མིང་ཐོག་ནས་རྣམ་པ་བསྒྱུར་ཏེ་ཇུས་འགོད་ཀྱི་ཚད་གཞི་དམའ་རུ་བཏང་མི་ཆོག་པ་དང་། ཨར་ལས་སྡེ་ཚན་གྱིས་ཨར་ལས་ལག་རྩལ་གྱི་ཚད་གཞི་དང་འགལ་ཏེ་ཨར་ལས་བྱེད་རིགས་གཏན་འགོག་བྱེད་དགོས།