འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་ཚིགས་དང་པོར་སྒོར་དུང་ཕྱུར་1312ཟིན་པ་དེ་དུས་མཚུངས་ལས་5.2%འཕར་བ།

༄༅།།ལྕགས་ལམ་རྣམ་གྲངས་ཁག་གཅིག་བདེ་བླག་ངང་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 13:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་1312བྱས་པ་དེ་དུས་མཚུངས་ལས་5.2%འཕར་ནས་ལྕགས་ལམ་འཛུགས་སྐྲུན་གྱི་མ་འཇོག་སྐུལ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་ཏེ། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

རྣམ་གྲངས་ཁག་གཅིག་བདེ་བླག་ངང་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ཀྲེང་ཀྲོའུ་ནས་ཁའེ་ཧྥུང་བར་གྱི་གྲོང་སྦྲེལ་ལྕགས་ལམ་གྱི་སུང་ཁྲེང་ལམ་བབས་ཚུགས་ནས་ཁའེ་ཧྥུང་བབས་ཚུགས་བར་གྱི་དུམ་བུ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་ཀྲེང་ཁའེ་གྲོང་སྦྲེལ་ལྕགས་ལམ་ལམ་ཐིག་ཧྲིལ་པོ་སྦྲེལ་མཐུད་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཧྲང་ཧའེ་བབས་ཚུགས་ལྷོ་མ་རིམ་སྤོར་སྒྱུར་བཀོད་བྱས་རྗེས་རྣམ་པ་གསར་རྐྱང་གི་ཐོག་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། གྲོང་ཁྱེར་གྱི་ལྕགས་ལམ་དང་། སྤྱི་སྤྱོད་འགྲིམ་འགྲུལ། བོགས་གཏོང་རླངས་འཁོར་སོགས་དང་སྟབས་བདེའི་ངང་བརྗེ་རེས་ཐུབ་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཤིག་ཆགས་པ། ཧྲེན་ཀྲེན་ནས་ཀྲན་ཅང་བར་གྱི་ལྕགས་ལམ་གྱི་ཝུའུ་ཁྲོན་བབས་ཚུགས་དང་། མེ་ཀྲོའུ་ནས་ཧྲན་ཐོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲའོ་ཨན་བབས་ཚུགས་བསྐྱར་སྐྲུན་ལེགས་གྲུབ་བྱུང་སྟེ། 2025ལོའི་དཔྱིད་གསར་སྐྱེལ་འདྲེན་མ་བྱས་གོང་སྤྱོད་འགོ་ཚུགས་ནས་ལམ་རྒྱུད་ཀྱི་འགྲུལ་པར་སྔར་བས་སྟབས་བདེ་བསྐྲུན་པ། ལན་ཀྲོའུ་ནས་ཀྲང་ཡེ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཀྲུང་ཁྲོན་གནམ་ཐང་གི་བབས་ཚུགས་ཤར་མ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་བབས་ཚུགས་དང་སྦྲེལ་མཐུད་བྱུང་ནས་མཁའ་ལམ་དང་ལྕགས་ལམ་མཉམ་འདྲེས་སྐྱེལ་འདྲེན་ལ་འདེགས་སྐྱོར་ཐུབ་ཡོད།

དུས་འགོའི་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཅིང་། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང་གཏན་འཁེལ་བྱས་པའི་ལྕགས་ལམ་ལས་གྲྭ་དང་། དྲ་སྦྲེལ། དྲ་གསབ། འབྲེལ་ཐག་སྟོབས་ཆེན་བཅས་ཀྱི་རྣམ་གྲངས་གཙོ་གནད་དུ་བཟུང་བ་དང་ལྕགས་ལམ་སྡེ་ཚན་གྱིས་ལམ་དྲ་སྤྱི་ཡོངས་ཀྱི་ནུས་པ་དང་ལས་ཆོད་ཆེ་རུ་གཏོང་རྒྱུར་དམིགས་ཏེ། རྩད་ཞིབ་ཇུས་འགོད་དང་། གོ་ཆོད་རང་བཞིན་ལ་ཞིབ་འཇུག ཐོག་མའི་ཇུས་འགོད་སོགས་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་། རྣམ་གྲངས་འཆར་འགོད་ཇུས་གཞིར་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་པ། ས་གནས་སྲིད་གཞུང་དང་མཉམ་འགུལ་དམ་ཟབ་བྱས་ཏེ་ས་ཆ་བསྡུ་ལེན་བཤིག་སྤོ་དང་། མ་དངུལ་གྲབས་གསོག ཁོར་ཡུག་དཔྱད་དཔོག་དང་། ས་ཆུ་སྲུང་འཛིན་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས་རྣམ་གྲངས་སྔ་ཙམ་སྐྲུན་འགོ་ཚུགས་རྒྱུའི་བརྩོན་ལེན་བྱས་ཡོད། ལུང་ཧའེ་ལམ་ཐིག་གི་ཀྲེང་ཀྲོའུ་ནས་ལན་ཀྲོའུ་བར་གྱི་དུམ་བུ་སྒྱུར་བཀོད་ལས་གྲྭ་དང་། ཧར་སྨི་བབས་ཚུགས་ཤར་མའི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ ལིན་ཧོ་ནས་ཧར་སྨི་བར་གྱི་ལྕགས་ལམ་གྱི་ཨེ་ཅི་ནཱ་ནས་ཧར་སྨི་བར་གྱི་དུམ་བུའི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་སོགས་རྣམ་གྲངས་ཁག་གཅིག་ད་ལོ་འཛུགས་སྐྲུན་བྱེད་འགོ་འཛུགས་རྩིས་ཡོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྐལ་མཆོག་གིས་ཞུས)