གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་14ཉིན། 14:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་11ཉིན་གྱི་དགོང་མོར་ཨ་རིའི་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོང་ཅུས་ཀྱིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རིག་ནུས་ལག་ཐོགས་ཁ་པར་དང་། གློག་ཀླད། ཉིང་ལྷེབ་སོགས་གློག་རྡུལ་ཐོན་རྫས་ཀྱི“འདྲ་མཚུངས་སྒོ་ཁྲལ་”ཟེར་བ་མེད་པར་བཟོ་རྒྱུའི་མོས་མཐུན་བྱུང་བ་ཁྱབ་བསྒྲགས་བྱས།
འགག་སྒོ་དང་མཐའ་མཚམས་སྲུང་སྐྱོང་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཡིག་ཆར་གཞིགས་ན། ཐོན་རྫས་དེ་དག་སྲིད་གཞུང་གིས་ཚོང་དོན་རོགས་ཟླར་ལག་བསྟར་བྱེད་པའི“འདྲ་མཚུངས་སྒོ་ཁྲལ་”ཟེར་བ་ལས་ཕུད་པ་རེད། ཡིག་ཆ་ལྟར་ན། རྩ་ཆག་བཏང་བའི་ཐོན་རྫས་དེ་དག་ཟླ་4ཚེས་5ཉིན་གྱི་རྗེས་སུ་ཨ་རིར་ནང་འདྲེན་བྱས་པའི་གློག་རྡུལ་ཐོན་རྫས་ཡིན། “འདྲ་མཚུངས་སྒོ་ཁྲལ་” སྤྲད་ཟིན་ན་ཕྱིར་བསློག་ཐབས་བྱས་ཆོག
ཕེང་པོ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། བྱེད་ཐབས་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཨ་རིའི་འཛད་སྤྱོད་པར་འཕྲད་པའི་རིན་གོང་འཕར་བའི་གནོན་ཤུགས་ཆུང་དུ་གཏོང་སྲིད་པ་དང་། དུས་མཚུངས་སུ་ཀུ་ཤུ་ཀུང་སི་དང་སན་ཤིན་གློག་རྡུལ་ཀུང་སི་ཚུད་པའི་གློག་རྡུལ་ཚོང་པ་ཆེ་གྲས་ལ་ཕན་པ་ཡོད།
དངུལ་རྩའི་དབྱེ་ཞིབ་པ་ཧོའུ་སའེ་ན·ཁུའུ་པེ་ཞི་ཡིས་འདིའི་ཐོག་ནས་ཨ་རི་སྲིད་གཞུང་གིས་སྒོ་ཁྲལ་སྲིད་ཇུས་ཐད་འཁོར་ཕྱོགས་ཆེན་པོ་བསྒྱུར་བ་མཚོན་ཡོད་ཅེས་བཤད་པ་རེད།
ཉེ་ཆར་ཨ་རི་སྲིད་གཞུང་གིས་ཕྱི་ཕྱོགས་སུ་རྒྱ་ཁྱབ་དང་འགྱུར་ལྡོག་ངེས་མེད་ཀྱི་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱས་པས། དངུལ་རྩའི་ཁྲོམ་རར་གཡོ་འགུལ་བྱུང་ནས་ཙུང་ཐུང་གཞོན་པ་ཟུར་པ་ཕེང་སི་སོགས་སྤྱི་མཐུན་ཏང་གི་མི་སྣ་གལ་ཆེན་དག་གིས་སྐྱོན་བརྗོད་བྱས་པ་རེད།