གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་14ཉིན། 10:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་གནམ་གཤིས་ཅུས་ཀྱིས《རྣམ་གསར་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མ་ལག་བསྐྲུན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རོགས་རམ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་2030ལོར་སླེབས་སྐབས་དེང་རབས་ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་འཚམ་པའི་རྣམ་གསར་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
བསམ་འཆར་ནང་བཏོན་དོན། 2030ལོར་སླེབས་སྐབས་གནམ་གཤིས་གནོད་འཚེའི་འགོག་སྲུང་གཞི་རིམ་གྱི་ཕྱོགས་བསྡུས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་མ་ལག་དང་གྲོང་གསེབ་ཀྱི་འཕྲལ་སྡོམ་དོ་དམ་རྩ་འཛུགས་མ་ལག་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱ་རྒྱུ་དང་། ཕྱོགས་བསྡུས་ཞིང་ལས་གནམ་གཤིས་ལྟ་ཞིབ་ས་ཚིགས་དང་རིག་ལྡན་ཞིང་ལས་གནམ་གཤིས་ཞབས་ཞུའི་ལས་སྟེགས་གཞི་རྩའི་ཆ་ནས་བསྐྲུན་རྒྱུ། གྲོང་གསེབ་ཀྱི་གནས་འཕྲོད་ལས་འཚམ་དང་ཡུལ་སྐོར་ལ་འཚམ་པའི་གནམ་གཤིས་ཞབས་ཞུའི་ལས་སྒོ་གཞི་རྩའི་ཆ་ནས་བསྐྲུན་ནས་གྲོང་གསེབ་ཀྱི་གནམ་གཤིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་རེད། 2035ལོར་སླེབས་སྐབས་རྣམ་གསར་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གནམ་གཤིས་ཀྱི་གེགས་སེལ་ཕན་འདོགས་དང་ནུས་སྦྱིན་ཕན་ཆེ་དེ་བས་མངོན་གསལ་དོད་དུ་གཏོང་རྒྱུ་རེད།
བསམ་འཆར་ནང་། ད་དུང་འགན་སྲུང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེའི་ནང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ལྡན་ཞིང་ལས་གནམ་གཤིས་ཞབས་ཞུའི་རྟེན་གཞི་དང་ཞིང་ལས་གནམ་གཤིས་ཚན་རྩལ་ཁང་ཆུང་སྐྲུན་ཤུགས་ཆེ་རུ་གཏོང་བ། ཐོན་སློབ་ཞིབ་སྤྱོད་གཞི་གཅིག་ཅན་གྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་དང་། ཞིང་ལས་གྲོང་གསེབ་དང་། འབྲུ་རིགས་དང་དངོས་རྫས་གསོག་འཇོག ནགས་ཚལ་དང་རྩྭ་ཐང་སོགས་སྡེ་ཚན་དང་དེ་བཞིན་མཐོ་སློབ་དང་ཚན་ཞིབ་ཁང་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་དེ་བཞིན་ས་ཁོངས་ཀྱི་ཞིང་ལས་གནམ་གཤིས་ཞབས་ཞུའི་རྒྱལ་སྤྱིའི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་ཚུད་ཡོད།
(ཚེ་ཁོས་བསྒྱུར། བདེ་དབང་གིས་ཞུས)