གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་13ཉིན། 11:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བརྩེགས་སྣོན་ཡོད་པས། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ། རྒྱལ་སྤྱིའི་དུས་བབ་ཇི་ཙམ་འགྱུར་ལྡོག་དང་ཟང་ཟིང་ལ་འགྱུར་ཚེ་ཀྲུང་གོ་དང་སི་ཕེན་དབར་གྱི་འབྲེལ་བ་ཡག་པོ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་གལ་ཆེའི་རང་བཞིན་དེ་ཙམ་གྱིས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད། འདི་ལོ་ནི་ཀྲུང་གོ་དང་སི་ཕེན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་འཐབ་ཇུས་ཀྱི་ངེས་ཤུགས་དེ་བས་ཆེ་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་བས་ཆེ་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྒུལ་ཤུགས་སྣོན་རྒྱུ་མ་ཟད། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་སི་ཕེན་གྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་དང་། དངོས་ཡོད་ཀྱི་དགོས་མཁོ། ཕུགས་ཀྱི་ཁེ་ཕན་བཅས་ལ་གཞིགས་ནས་བྱས་པའི་གདམ་ག་ཡང་དག་ཅིག་རེད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་དང་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་ལྷག་པར་དུ་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་དང་ཐོན་ལས་ཕྱོགས་སྒྱུར་གྱི་མི་མངོན་པའི་སྟོབས་ཤུགས་ལས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་གཉིས་ཕན་དང་གསབ་རེས་ཀྱི་མཉམ་ལས་ཀྱི་ལེགས་ཆ་ཡག་པོ་སྤྱོད་པ་དང་། དཔལ་འབྱོར་ཚོང་དོན་དང་ཚན་རྩལ་མཉམ་ལས་ལམ་སྲོལ་གྱི་ནུས་པ་ཡག་པོ་འདོན་པ། ནུས་རྒྱུ་གསར་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་གཏིང་ཟབ་བསྔོགས་ནས་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་འདོད་ཡོད། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི“ཨོ་རྩལ་འགྲན་ཚོགས་ཀྱི་བརྩེ་སེམས”དང“དོམ་ཁྲའི་བརྩེ་སེམས”ཟབ་མོ་རྒྱུན་འཛིན་ཡག་པོ་བྱས་ཏེ། “སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”སོགས“སྤུས་ལེགས་མིང་བྱང”གསར་པ་གཏོད་པ་དང་རྒྱལ་ཁབ་གཉིས་པོའི་ཕྱི་སྦྱོང་སློབ་མའི་གཞི་ཁྱོན་ཆེ་རུ་བཏང་སྟེ་གཞོན་ནུ་དེ་བས་མང་བ་ཀྲུང་གོ་དང་སི་ཕེན་གྱི་མཛའ་གྲོགས་ཀྱི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་བར་བྱེད་དགོས། ཀྲུང་གོ་དང་སི་ཕེན་གཉིས་ཀ་ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཡིན་པས། ཕྱོགས་གཉིས་པོས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་ནི་སྣེ་མང་འཛམ་གླིང་གི་སྣེ་གལ་ཆེན་ཞིག་ལ་བརྩི་ཡི་ཡོད། ཡོ་རོབ་མནའ་འབྲེལ་མཐུན་སྒྲིལ་དང་། འཕེལ་རྒྱས། སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་གསལ་པོ་བྱེད་མཁན་རྒྱལ་ཁབ་ཆེན་པོ་གཙོ་བོ་ཞིག་ཡིན། མིག་སྔའི་དུས་བབ་འོག་ཀྲུང་གོ་དང་ཡོ་རོབ་ཞི་བདེ་དང་། འཕེལ་རྒྱས། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་ཐུན་མོང་ཐོག་གཏོད་རྒྱུར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་རོགས་ཟླའི་ངེས་གནས་མཐའ་འཁྱོངས་དང་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་བྱེད་པར་སྐུལ་འདེད་གཏོང་བ། འཐབ་ཇུས་བརྟན་པོ་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒོ་ཁྲལ་འཁྲུག་རྩོད་ནང་རྒྱལ་ཁ་ཐོབ་མཁན་མེད་པ་དང་འཛམ་གླིང་དང་ཁ་གཏད་དུ་ལངས་ཚེ་རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་རྒྱུ་རེད། ལོ་70ལྷག་ཙམ་རིང་ཀྲུང་གོའི་འཕེལ་རྒྱས་ནི་ཐོག་མཐའ་བར་གསུམ་དུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་པ་ལས། སུ་ཞིག་གི་གསོལ་རས་ལ་བརྟེན་གྱི་མེད་ལ་ཁུངས་ལུང་མེད་པའི་བཙན་གནོན་ལ་དེ་བས་སྐྲག་གི་མེད། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོས་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་བརྟན་པོ་རྒྱུན་འཁྱོངས་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་ཀྱི་ཡོད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཚང་མ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན། ཕྱོགས་གཉིས་པོའི་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་དཔལ་འབྱོར་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལས་བརྒལ་ནས་དཔལ་འབྱོར་མཉམ་གནས་ཀྱི་འབྲེལ་བ་དམ་ཟབ་ཆགས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་རྒྱལ་སྤྱིའི་འགན་འཁྲི་ཁུར་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་དང་རྒྱལ་སྤྱིའི་ཚོང་དོན་ཁོར་ཡུག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་ཕྱོགས་རྐྱང་པའི་བཙན་པོ་ཧམ་ཤེད་ཀྱི་བྱེད་སྤྱོད་ཐུན་མོང་ཐོག་བཀག་འགོག་བྱས་ཏེ་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་མ་ཟད། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
སང་ཆེ་སི་ཡིས་གསུངས་དོན། སི་ཕེན་དང་ཀྲུང་གོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཛའ་གྲོགས་མཉམ་ལས་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོར་ཕུལ་དུ་བྱུང་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་མ་ཟད། འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སི་ཕེན་གྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཚོང་དོན་དང་། མ་འཇོག ཚན་རྩལ་གསར་གཏོད། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། སློབ་གསོ་དང་། རིག་གནས། ཡུལ་སྐོར་བཅས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་སི་ཕེན་གྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་རང་མོས་ཚོང་དོན་སྒོ་དབྱེ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་པ་དང་ཕྱོགས་རྐྱང་པའི་སྒོ་ཁྲལ་སྣོན་བསྡུར་ངོ་རྒོལ་བྱེད་ཀྱི་ཡོད། ཚོང་དོན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད། རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་སི་ཕེན་དང་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་དང་། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་དང་དབུལ་ཕོངས་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་སོགས་ཐད་བསམ་འཆར་བརྗེ་རེས་གནང་བ་རེད།