གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་12ཉིན། 11:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནོར་སྲིད་པུའུ་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས《2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཀྲུང་དབྱང་ནོར་སྲིད་ནས་གྲོང་ཁྱེར་ཁག་གཅིག་གིས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་ལེན་བསྟར་བར་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་གསར་སྒྱུར་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཟོས་པ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བར་སྐུལ་འདེད་གཏོང་བ། འཛད་སྤྱོད་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་སྐུལ་སྤེལ་ཐད་ཤུགས་རྒྱག་རྒྱུར་མཐོང་ཆེན་བྱེད་པ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད“ཡོད་མེད”ནས“ཡག་མིན”དུ་འགྱུར་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། 2025ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ནི་གྲོང་ཁྱེར་ཆེ་གྲས་དང་དེ་ཡན་གྱི་གྲོང་ཁྱེར་ཡིན་པ་དང་། དཔྱད་འདེམས་བྱས་པའི་གྲོང་ཁྱེར་ཁྱོན་20ལས་བརྒལ་མི་རུང་ལ། གཙོ་བོ་གྲོང་ཁྱེར་ཆེ་གྲས་དང་། ཆེས་ཆེ་གྲས། དེ་བཞིན་རྨ་ཆུ་དང་ཀྲུའུ་ཅང་གཙང་པོ་སོགས་གཙོ་གནད་འབབ་རྒྱུད་ཀྱི་གྲོང་ཁྱེར་ཆེ་གྲས་ལ་ཕྱོགས་རྒྱུ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་ས་ཁོངས་ལ་གཞིགས་ནས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་ལེན་བསྟར་བའི་གྲོང་ཁྱེར་ལ་བཅད་གྲངས་ཁ་གསབ་སྤྲོད་རྒྱུ་ཡིན་ཞིང་། དེའི་ནང་ཤར་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་ཚང་མའི་ཁ་གསབ་བསྡོམས་འབོར་སྒོར་དུང་ཕྱུར་8ལས་བརྒལ་མི་ཆོག་པ་དང་། དབུས་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་ཚང་མའི་ཁ་གསབ་བསྡོམས་འབོར་སྒོར་དུང་ཕྱུར་10ལས་བརྒལ་མི་ཆོག་པ། ནུབ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་ཚང་མའི་ཁ་གསབ་བསྡོམས་འབོར་སྒོར་དུང་ཕྱུར་12ལས་བརྒལ་མི་ཆོག་པ། ཐད་སྐྱོང་གྲོང་ཁྱེར་གྱི་གྲོང་ཁྱེར་ཚང་མའི་ཁ་གསབ་བསྡོམས་འབོར་སྒོར་དུང་ཕྱུར་12ལས་བརྒལ་མི་ཆོག་པ་བཅས་རེད།