གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 13:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་10ཉིན་ཚོང་དོན་པུས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པ་ཞིག་གིས། ཐེ་རོན་ཕུ་ཡིས་ཀྲུང་གོར་སྒོ་ཁྲལ་125%དང་ཐ་ན་150%ཇེ་མང་དུ་གཏོང་སྲིད་པ་ཁྱབ་བསྒྲགས་བྱས། ཀྲུང་གོས་མུ་མཐུད་ཨ་རིར་སྒོ་ཁྲལ་སྔར་ལས་མང་བ་བསྡུ་མིན་ཐད་མགྲིན་ཚབ་པར་དྲི་བ་བཏོན།
ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཚོད་དཔག་རང་བཞིན་གྱི་གནད་དོན་ལ་ད་ལྟ་དཔྱད་གཏམ་བརྗོད་ཐབས་བྲལ། འོན་ཀྱང་ནན་བཤད་བྱ་དགོས་པ་ཞིག་ནི་ཉོ་ཚོང་གི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་། སྲུང་སྐྱོང་རིང་ལུགས་ལ་མདུན་ལམ་མེད། ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ཨ་རི་ཕྱོགས་ཀྱི་མཐར་ཐུག་གི་གནོན་ཤུགས་དང་བཙན་ཤེད་ཀྱི་བྱ་སྤྱོད་དང་ལེན་གཏན་ནས་མི་བྱེད་པར། བློ་ཐག་རྦད་ཆོད་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རང་ཉིད་ཀྱི་ཚུལ་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ངེས་ཡིན་ཞེས་བཤད།