འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་11ཉིན།

༄༅།།“སློབ་གྲྭའི་ཟ་ཁང”ལ་ལྟ་སྐྱོང་བྱེད་པར་ཞིབ་བཤེར་ནན་པོ་བྱེད་དགོས་ལ་དེ་བས་ཀྱང་དོ་དམ་ནན་པོ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་11ཉིན། 13:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཧན་ཡུང་ཧུང་།

“སློབ་གྲྭའི་ཟ་ཁང”ལ་ཁྱིམ་ཚང་ཁྲི་སྟོང་མང་པོས་སེམས་ཁུར་བྱེད་དོན་ནི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་འབྲེལ་བ་ཡོད། ལྟོ་ཆས་ཡག་པོ་དང་། ལྟོ་ཆས་གྲོད་པ་རྒྱགས་པ། བདེ་ཐང་གི་ལྟོ་ཆས་བཅས་ཡོད་མེད་ནི་ཁྱིམ་བདག་ཚོས་དོ་སྣང་བྱེད་པའི་དོན་ཆེན་ཨང་དང་པོ་དེ་རེད།

མིག་སྔར། “སློབ་གྲྭའི་ཟ་ཁང”ལ་གནད་དོན་སྣ་ཚོགས་ལྷགས་པ་ལས་ལམ་ལུགས་ལག་བསྟར་དང་ལྟ་སྐུལ་ལམ་སྲོལ་གྱི་ཞན་ཆ་ཉིས་བརྩེགས་ཡོད་པ་མཚོན་ཡོད། “སློབ་གྲྭའི་ཟ་ཁང”ལ་ལྟ་སྐྱོང་བྱེད་པར་ཞིབ་བཤེར་ནན་པོ་བྱེད་དགོས་ལ་དེ་བས་ཀྱང་དོ་དམ་ནན་པོ་བྱེད་དགོས། བཟའ་བཅའི་གྲོན་དངུལ་སྐར་ལི་གཅིག་ལས་མེད་ཀྱང་སློབ་མར་གཏོང་རྒྱུ་ཡོང་བར་བྱེད་པ་ནི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པའི་གཞི་རྩའི་འགན་ལེན་ཞིག་རེད། “སློབ་གྲྭའི་ཟ་ཁང”དེ“རང་ཁྱིམ་གྱི་ཟ་ཁང”དུ་བརྩི་མི་རུང་ལ། “ཚང་མས་དགའ་པོ་བྱེད་པའི་ཟ་ཁང”ལ་དེ་བས་བརྩི་མི་རུང་།

“སློབ་གྲྭའི་ཟ་ཁང”ལ་ལྟ་སྐྱོང་བྱེད་པར་བརྒྱུད་རིམ་ལྡན་པའི་དོ་དམ་ལམ་ལུགས་འཛུགས་དགོས། སློབ་གསོ་སྲིད་འཛིན་སྡེ་ཚན་ནས་འགོ་བཙུགས་ཏེ། རྒྱུན་གཏན་གྱི་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས“ཁྱིམ་བདག་གི་བཟའ་བཅའ་ཨུ་ཡོན་ལྷན་ཁང་དང་། ཁྱིམ་བདག སློབ་མ། སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ”བཅས་ཀྱི་ལྟ་སྐུལ་ཚོད་སྐོར་རྩ་འཛུགས་སོགས་བཙུགས་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་སློབ་གྲྭའི་ཟ་ཁང་ལ་ལྟ་འདོམས་བྱེད་དགོས་པ་དང་། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་། སྡེབ་སྐྱེལ། ཞིབ་བཤེར། གསོག་ཉར། ལས་སྣོན་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གྲོན་དངུལ་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། བདེ་འཇགས་ཉེན་ཁ་འགོག་ཟོན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དགེ་རྒན་གྱི་སློབ་སྤྱི་དང་། ཟ་ཁང་གི་གཉེར་པ། ཁྱིམ་བདག་གི་འཐུས་མི། སློབ་མ་བཅས“ཕྱོགས་བཞི་མཉམ་ཟའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། སློབ་གྲྭའི་བཟའ་བཅའི་སྤུས་ཚད་ལ་ལྟ་འདོམས་བྱེད་པའི་ཁྲོད་ཚན་རྩལ་གྱི་ཐབས་ལམ་སྤྱོད་རྒྱུ་འཚོལ་ཞིབ་བྱས་ནས་སློབ་གྲྭའི་ཟ་ཁང་གི“ཐབ་ཚང་ཕྱི་གསལ་ནང་གསལ”གྱི་ལྟ་འདོམས་ལས་སྟེགས་འཛུགས་པར་སྐུལ་འདེད་གཏོང་དགོས། “སློབ་གྲྭའི་ཟ་ཁང”གི་གནད་དོན་སྣ་ཚོགས་ཐག་གཅོད་ནན་པོ་བྱས་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། གནད་དོན་ཡོད་ཚེ་ཞིབ་བཤེར་བྱེད་པ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་ལས་ངན་པ་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།

(རྩོམ་པ་པོ་ནི་ཧྲན་ཤིས་ཞིང་ཆེན་ཁྲིམས་ལུགས་སློབ་ཚོགས་ལྟ་ཞིབ་ཁྲིམས་ལུགས་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཧྲན་ཤིས་ནོར་དཔལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཡིན)