འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་11ཉིན།

༄༅།།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཐབས་མང་མཉམ་དུ་སྤྱད་དེ།ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་11ཉིན། 13:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཆེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས“ལས་ཁུངས་ཀྱི་གོམས་གཤིས་ངན་པ”དང“དཔོན་ཉམས”ཁྱད་བསད་བྱ་རྒྱུ་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་2025ལོའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ཆེད་དོན་ལྟ་ཞིབ་ཁྱབ་ཁོངས་སུ་བཅུག་སྟེ་ཟླ་3པ་ནས་ཟླ་4པའི་བར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་14ལ་ལྟ་ཞིབ་བྱས་པ་རེད།

ཉིན་ཤས་གོང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུ་འཚོགས་ནས་ལོ་འཁོར་གྱི་བཅོས་སྒྲིག་ལས་ཀའི་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་རང་ངོས་ཀྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་མདུན་དུ་བསྐྱོད་ནས་རང་དཔེ་གཞན་སྟོན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་བློ་མཐུན་གྱིས། ཆབ་སྲིད་ཀྱི་ཐེག་པ་ཁུར་ལེན་སྔར་བས་ཤུགས་ཆེར་གཏོང་བ་དང་ནུས་པ་འདོན་སྤེལ་ཟབ་ཏུ་བཏང་ནས་གཙོ་གནད་ལས་འགན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། ལས་དོན་ཨུ་ལྷན་གྱིས་སློབ་སྦྱོང་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་སློབ་ཁང་ཆེ་མོ་གཉེར་ནས་ཀྲུང་དབྱང་གི་འབྲེལ་ཡོད་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན། འབྲེལ་ཡོད་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱེད་པ་དང་བཟོ་བཅོས་བརྒྱབ་སྟེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དེའི་ནང་ཁྱབ་པར་བྱ་རྒྱུ་ཡིན། འཐབ་ས་དང་པོའི་ནུས་པ་མུ་མཐུད་བཏོན་ནས་གསར་འགྱུར་གནད་བསྡུས་དང་ཁོངས་གཏོགས་ཁུལ་གྱི་སྨྱན་སྦྱོར་སོགས་བརྒྱུད་ཆེད་དོན་དང་ཆེད་བསྒྲིགས་ལེ་ཚན་བཏོན་ནས་དྲིལ་བསྒྲགས་དང་ཉམས་མྱོང་སྤེལ་རེས་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད།

(ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)