གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 12:59】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་དོན་དངོས་གསལ་བཤད་བྱས་པ་མ་ཟད། འབྲེལ་ཡོད་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་ལངས་ཕྱོགས་གསལ་འགྲེལ་ཡང་བྱས་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ལ་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད། ཁྱོན་ཁག་དྲུག་ཏུ་དབྱེ་ཡོད་པ་སྟེ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དུས་མཚམས་དང་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ལག་ལེན་ནན་ཏན་བསྟར་བ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དུས་མཚམས་དང་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་གྱི་འབྲེལ་ཡོད་འོས་འགན་ལས་འགལ་བ། ཀྲུང་གོས་རང་མོས་ཉོ་ཚོང་གི་འདུ་ཤེས་ལག་ལེན་བསྟར་བ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་ཏན་ཞུས་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་འགྲོ་བར་གནོད་འཚེ་བཏང་བ། ཀྲུང་གོ་དང་ཨ་རིས་འདྲ་མཉམ་གྱི་སྐད་ཆ་ཤོད་རེས་དང་གཉིས་ཕན་མཉམ་ལས་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་མི་མཐུན་པའི་ཆ་ཐག་གཅོད་བྱེད་ཆོག་པ་བཅས་ཡིན་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པར། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་46སོང་ཚུན་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་དང་ཨ་རིའི་ཚོང་དོན་གྲངས་འབོར་དེ་1979ལོར་ཨ་སྒོར་དུང་ཕྱུར་25མ་ཟིན་པ་ནས་2024ལོའི་ཨ་སྒོར་དུང་ཕྱུར་6883ཙམ་བར་འཕར་བ་རེད། འོན་ཀྱང་། ཉེ་བའི་ལོ་ཤས་རིང་ཨ་རིའི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་དོད་དུ་ཕྱིན་པ་དེས་ཀྲུང་གོ་དང་ཨ་རིའི་རྒྱུན་ལྡན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། 2018ལོར་ཀྲུང་གོ་དང་ཨ་རིའི་དབར་དཔལ་འབྱོར་ཚོང་དོན་གྱི་རྩོད་གཞི་བྱུང་ཚུན་ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་5000ལྷག་ཙམ་ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཐོན་རྫས་ལ་སྒོ་ཁྲལ་མཐོ་པོ་སྣོན་བསྡུ་བྱས་ནས་ཀྲུང་གོར་བཀག་འགོག་དང་བཙན་གནོན་བྱེད་པའི་སྲིད་ཇུས་རྒྱུན་མཐུད་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་གཏད་གཅོག་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་མི་བྱེད་ཀ་མེད་དུ་གྱུར་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་རྩོད་གཞི་ཐག་གཅོད་བྱེད་པའི་གཞི་རྩའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཨ་རི་ཕྱོགས་དང་དཔལ་འབྱོར་ཚོང་དོན་གྲོས་མོལ་ཐེངས་མང་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་ཡོང་ཐབས་ཧུར་ཐག་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཉེ་ཆར་ཨ་རི་ཕྱོགས་ཀྱིས“ཨ་རི་ཨང་དང་པོ”ཞེས་པའི་ཚོང་དོན་དང་མ་འཇོག་གི་སྲིད་ཇུས་དྲན་ཐོ་དང “ཨ་རི་ཨང་དང་པོ”ཞེས་པའི་ཚོང་དོན་སྲིད་ཇུས་ཀྱི་སྙན་ཞུའི་ལག་བསྟར་གནད་བསྡུས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོའི་ཐོན་རྫས་ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་འཕར་མ་སྣོན་བསྡུ་བྱས་པའི་ནང་། ཧྥེན་ཐའེ་ཉི་སོགས་ཀྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོར་སྒོ་ཁྲལ་སྣོན་བསྡུ་དང“འདྲ་མཚུངས་སྒོ་ཁྲལ”སྣོན་བསྡུ་བྱས་པ་མ་ཟད་སླར་ཡང་སྒོ་ཁྲལ་50%སྤར་བ་ཚུད་པ་དང་། ད་དུང་ཀྲུང་གོའི་མཚོ་དོན་དང་། ཟོག་འགྲེམས། གྲུ་གཟིངས་བཟོ་སྐྲུན་ལས་རིགས་བཅས་ལ་དམིགས་ནས་གྲུ་ཁའི་རིན་པ་བསྡུ་བ་སོགས་301བརྟག་དཔྱད་ཚོད་འཛིན་བྱེད་ཐབས་བཏོན་པ་རེད།
སྒོ་ཁྲལ་སོགས་ལ་བརྟེན་ནས་འཇིགས་སྐུལ་དང་བཙན་སྐུལ་གྱི་ཚོད་འཛིན་བྱེད་ཐབས་དེ་དག་ནི་ནོར་བའི་ཐོག་ལ་ནོར་བ་ཞིག་ཡིན་པས། ཨ་རི་ཕྱོགས་ཀྱི་དཔེ་མཚོན་གྱི་ཕྱོགས་རྐྱང་རིང་ལུགས་དང་བཙན་པོ་ཧམ་ཤེད་རིང་ལུགས་ཀྱི་ངོ་བོ་སླར་ཡང་དམར་རྗེན་དུ་མངོན་པ་དེ་ནི་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་རྒྱབ་འགལ་དུ་སོང་བ་མ་ཟད། ཕྱོགས་མང་རིང་ལུགས་དང་ཡང་དེ་བས་རྒྱབ་འགལ་དུ་སོང་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་དགོས་ངེས་ཀྱི་རྒོལ་ལན་སློག་ཐབས་སྤྱད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་དང་དཔལ་འབྱོར་གྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ངོས་ནས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོར་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ཁྲོད་མི་མཐུན་པའི་ཆ་དང་ནང་རྩོད་བྱུང་བ་ནི་རྒྱུན་ལྡན་ཞིག་རེད། འགག་རྩ་ནི་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ཕྱོགས་གལ་ཆེན་ལ་བརྩི་འཇོག་བྱས་ཏེ། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་འཚམ་པོ་བྱེད་པའི་ཐབས་ཤེས་འཚོལ་དགོས། ཚོང་དོན་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་ལ་སྲུང་སྐྱོང་རིང་ལུགས་ལའང་ཐར་ལམ་མེད། ཀྲུང་གོ་དང་ཨ་རི་སོ་སོར་གྲུབ་འབྲས་ཐོབ་པ་ནི་ཕྱོགས་གཉིས་པོའི་ངོས་ནས་བརྗོད་ན་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་གཏན་ནས་མ་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཞལ་པར་བཏང་ནས་གསལ་སྟོན་བྱས་པའི་ཁ་ཕྱོགས་ལ་གཞིགས་ཏེ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད། རང་སོ་སོའི་དོ་ཁུར་བྱེད་ཕྱོགས་ཐག་གཅོད་པ་དང་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་། བརྟན་བརླིང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། དབང་སྒྲོན་སྐྱིད་དང་ཚེ་སྒྲོལ་གྱིས་ཞུས)