གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 09:52】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨུ་ལན་དཔའ་ཐུལ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། “ཏུན་ཧོང་རིག་གནས་གཟའ་འཁོར”གྱི་ཏུན་ཧོང་དང་ཨུ་ལན་དཔའ་ཐུལ་གྱི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་སྤེལ་ཞིང་། མོང་གོལ་རྒྱལ་ཁབ་ཀྱི་ཏ་ཧུའུ་ལར(གྲོས་ཚོགས)གྱི་ཀྲུའུ་ཞི་གཞོན་པ་ཕུའུ་རི་པུའུ་ཏོར་ཅི་དང་མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་མིན་ཅོན་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད། ཀྲུང་མོང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་བྱེད་སྒོར་ཞུགས་པ་རེད།
ཕུའུ་རི་པུའུ་ཏོར་ཅིས། མོང་ཀྲུང་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཏུན་ཧོང་ནི་ཐུན་མོང་མ་ཡིན་པའི་རིག་གནས་ཤུལ་བཞག་ཅིག་ཡིན་ཞིང་། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ང་ཚོས་ཏུན་ཧོང་གི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་མ་ཟད། ད་དུང་ཀྲུང་གོས་ཚན་རྩལ་གསར་གཏོད་བརྒྱུད་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་བྱེད་སྟངས་བཟང་པོ་སློབ་སྦྱོང་ཀྱང་ཐུབ་རྒྱུ་རེད་ཅེས་བརྗོད།
ཧྲེན་མིན་ཅོན་གྱིས། ཏུན་ཧོང་རིག་གནས་ལས་ཀྲུང་ཧྭའི་ཤེས་དཔལ་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་སྒོ་དབྱེ་བསྟུན་མཁས་ཡིན་པ་མངོན་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་ནས། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དང་ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་མོང་གོལ་རྒྱལ་ཁབ་ཕྱོགས་དང་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་མོང་དབར་གྱི་མཛའ་གྲོགས་ཏུན་ཧོང་གི་ལྡེབས་རིས་ལྟར་ནམ་ཡང་བཀྲག་མདངས་འཚེར་བ་དང་རྩྭ་ཐང་སྟེང་གི་རྟ་མཆོག་ལྟར་བང་རྩལ་ངོམ་ཐུབ་པ་བྱེད་འདོད་ཡོད་ཅེས་བརྗོད།
ད་ཐེངས་ཀྱི་བྱེད་སྒོ་ནི་མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ལྟེ་གནས་དང་། ཨུ་ལན་དཔལ་ཐུལ་ཀྲུང་གོའི་རིག་གནས་ལྟེ་གནས། ཏུན་ཧོང་ཞིབ་འཇུག་ཁང་བཅས་ཀྱིས་གཉེར་འགན་ཁུར་བ། མོང་ཀྲུང་མཛའ་གྲོགས་མཐུན་ཚོགས་དང་ཇིང་གིར་རྒྱལ་པོའི་རྟེན་མཛོད་ཁང་གིས་གཉེར་རོགས་བཅས་བྱས་ཤིང་། འགྲེམས་སྟོན་ཐོག་ཏུན་ཧོང་གི་མཚོན་བྱེད་རང་བཞིན་གྱི་ལྡེབས་རིས་དང་འཇིམ་བརྐོས་བསྐྱར་དུ་མངོན་པ་མ་ཟད། ད་དུང་གྲངས་འཛིན་འགྲེམས་སྟོན་དང་། དེ་བཞིན་རྒྱན་གོས་དང་རི་མོའི་ཉམས་ལེན་སོགས་ཀྱང་བཀོད་སྒྲིག་བྱས་ཡོད།