ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 09:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་50%སྣོན་བསྡུ་བྱ་རྒྱུའི་འཇིགས་སྐུལ་བྱས་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས་8ཉིན་གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གང་བྱུང་དུ་བསྡུས་ཏེ་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་ཚབས་ཆེན་འགལ་བ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གནོད་འཚེ་ཚབས་ཆེན་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་ལམ་བརྟན་ལྷིང་ལ་ཕོག་ཐུག་ཚབས་ཆེན་གཏོང་བ་བཅས་ནི་དཔེ་མཚོན་གྱི་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། དཔལ་འབྱོར་གྱི་བཙན་པོ་ཧམ་ཤེད་བཅས་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་གཏོང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
ལིན་ཅན་གྱིས། ཚོང་དོན་འཁྲུག་རྩོད་དང་སྒོ་ཁྲལ་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་ལ། སྲུང་སྐྱོང་རིང་ལུགས་ལ་མདུན་ལམ་དེ་བས་ཀྱང་མེད། ཀྲུང་གོ་བས་དོན་རྐྱེན་བཟོ་མི་སྲིད་ལ་རྙོག་དྲར་གཏན་ནས་སྐྲག་མི་སྲིད། གནོན་ཤུགས་དང་། འཇིགས་སྐུལ། སྙད་བཏགས་རྒྱུ་འཕྲོག་བཅས་ནི་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་ཡང་དག་ཅིག་མིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ངོས་ཀྱི་ལུགས་མཐུན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ངེས་ཡིན། གལ་སྲིད་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཏང་ནས་སྒོ་ཁྲལ་འཁྲུག་རྩོད་དང་ཚོང་དོན་འཁྲུག་རྩོད་ཨ་ན་ཨུ་ཚུགས་ཀྱིས་བརྒྱབ་ཚེ་ཀྲུང་གོ་ཕྱོགས་ཀྱིས་དེར་ཁ་གཏད་མཐའ་གཅིག་ཏུ་གཅོག་གི་ཡིན་ཞེས་བརྗོད་པ་རེད།