གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་10ཉིན། 13:42】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་9ཉིན། གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ་5ཚེས་10ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
སྲོལ་ཡིག་ཆ་ཚང་ལ་ཁྱོན་ལེའུ་6དང་དོན་ཚན་28ཡོད། དེའི་ནང་“སྤྱིའི་དོན་ཚན”དང་“གཉེན་སྒྲིག་ཐོ་འགོད” “གཉེན་འཐོར་ཐོ་འགོད” “གཉེན་སྒྲིག་ཐོ་འགོད་ཡིག་ཚགས་དོ་དམ” “ཁྲིམས་ལུགས་འགན་འཁྲི” “ཞར་བྱུང་དོན་ཚན” སོགས་ཀྱི་ནང་དོན་ཚུད་ཡོད།
བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་གི་ནང་དོན་གཙོ་བོ་ཕྱོགས་གསུམ་ཚུད་ཡོད་པ་སྟེ། གཅིག གཉེན་སྒྲིག་དང་ཁྱིམ་ཚང་གི་ཞབས་ཞུའི་ལས་ཀའི་ནང་དོན་མང་དུ་བཏང་ནས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཕྱོགས་བསྡུས་རང་བཞིན་གྱི་གཉེན་སྒྲིག་དང་། ཁྱིམ་ཚང་གི་ཞབས་ཞུའི་མཛུབ་ཁྲིད་ལས་ཀ་དང་གཉེན་སྒྲིག་དང་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡ་རབས་ཚུལ་ལྡན་གྱི་གཉེན་སྒྲིག་གོམས་སྲོལ་དར་སྤེལ་གཏོང་བ། ཁྱིམ་ཚང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཉེན་སྒྲིག་གི་ལྟ་བ་དང་། ཕྲུ་གུ་སྐྱེ་བའི་ལྟ་བ། ཁྱིམ་ཚང་གི་ལྟ་བ་བཅས་ཡང་དག་པ་འཛུགས་པར་ཁྲིད་སྟོན་བྱེད་དགོས།
གཉིས། གཉེན་སྒྲིག་ཐོ་འགོད་ཀྱི“རྒྱལ་ཡོངས་གཅིག་གྱུར་ཐོག་སྒྲུབ་པ”ལག་བསྟར་བྱས་ཏེ། གཉེན་སྒྲིག་ཐོ་འགོད་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། གཉེན་སྒྲིག་ཐོ་འགོད་ཀྱི་སྟབས་བདེའི་རང་བཞིན་སྔར་ལས་ཆེ་རུ་གཏོང་དགོས།
གསུམ། གཉེན་སྒྲིག་ཐོ་འགོད་ཀྱི་ཞབས་ཞུ་ལེགས་སུ་བཏང་ནས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་གཉེན་སྒྲིག་ཐོ་འགོད་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གཉེན་སྒྲིག་ཐོ་འགོད་བྱ་ཡུལ་ཚད་ལྡན་ཅན་དང་སྟབས་བདེ་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་བྱས་པ་རེད།