གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་10ཉིན། 13:40】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་ཐབས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
ཁྲལ་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་2025ལོའི་ཨང་5པ།
2025ལོའི་ཟླ་4ཚེས་8ཉིན། ཨ་རིའི་སྲིད་གཞུང་གིས་ཨ་རིར་ནང་འདྲེན་བྱེད་པའི་ཀྲུང་གོའི་ཚོང་ཟོག་ལ“འདྲ་མཚུངས་སྒོ་ཁྲལ”བསྡུ་བའི་ཁྲལ་ཚད་34%ནས་84%བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་རིམ་སྤར་བྱེད་སྟངས་ནི་ནོར་འཁྲུལ་ཐོག་ནོར་འཁྲུལ་བརྩེགས་པ་དང་། ཀྲུང་གོའི་ཚུལ་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་གནོད་འཚེ་ཚབས་ཆེན་བཏང་བ་ཞིག་རེད།
《སྒོ་ཁྲལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་། 《འགག་སྒོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《ཕྱི་ཕྱོགས་ཉོ་ཚོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་ཟླ་4པའི་ཚེས་10ཉིན་གྱི་ཆུ་ཚོད་12དང་སྐར་མ་01ནས་བཟུང་། ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་ཐབས་ལེགས་སྒྲིག་བྱ་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
གཅིག 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་ཐབས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།》(ཁྲལ་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་2025ལོའི་ཨང་4པའི)ནང་གཏན་འབེབས་བྱས་པའི་སྒོ་ཁྲལ་སྣོན་བསྡུ་བྱེད་པའི་ཁྲལ་ཚད་དེ་34%ནས་84%བར་མཐོ་རུ་གཏོང་རྒྱུ།
གཉིས། དོན་དག་གཞན་དག་ཁྲལ་དོན་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱས་པའི2025ལོའི་ཡིག་ཆ་ཨང་4པ་ལྟར་ལག་བསྟར་བྱ་རྒྱུ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་དོན་ཨུ་ཡོན་ལྷན་ཁང་གིས་2025ལོའི་ཟླ་4བའི་ཚེས་9ཉིན་སྤེལ།