འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་10ཉིན།

༄༅།།《གཅིག་སྡུད་ཟས་སྤྱོད་ཚན་པར་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་འདོམས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ཟླ་4ཚེས་15ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

བླང་བྱ་ལས་འགལ་ཚེ་སློབ་གྲྭ་དང་བུ་བཅོལ་ཁང་ལ་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་10ཉིན། 10:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 《གཅིག་སྡུད་ཟས་སྤྱོད་ཚན་པར་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་འདོམས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ) ཟླ་4ཚེས་15ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་གཅིག་སྡུད་ཟས་སྤྱོད་ཚན་པ་དང་། ཚན་པའི་ཟ་ཁང་། འགན་གཙང་གཉེར་སྐྱོང་ཁེ་ལས། ཟས་རིགས་མཁོ་འདོན་ཚན་པ་བཅས་ལ་འགན་འཁྲི་ཁག་བགོས་དང་། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ། བཟའ་བཅའི་བདེ་འཇགས་དོ་དམ་མི་སྣ་བཀོད་སྒྲིག་དང་འགན་འཁུར་བླང་བྱ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཀྱི་ཐད་ལ་གཏན་འབེབས་བྱས་ཡོད།

《གཏན་འབེབས》ནང་། ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་སྟེ། གཅིག་སྡུད་ཟས་སྤྱོད་ཚན་པའི་ཟ་མ་མཁོ་འདོན་བྱེད་སྟངས་ལ་ཚན་པའི་ཟ་ཁང་རང་གཉེར་དང་། མངགས་བཅོལ་འགན་གཙང་གཉེར་སྐྱོང་། ཟས་རིགས་མཁོ་འདོན་ཚན་པ་ནས་ཟ་མ་མངགས་པ་བཅས་རྣམ་པ་གསུམ་ཚུད་ཡོད། མངགས་བཅོལ་འགན་གཙང་གཉེར་སྐྱོང་དང་། ཟས་སྤྱོད་ཚན་པ། འགན་གཙང་ལེན་མཁན་བཅས་ཀྱིས་གཏན་འབེབས་ལྟར་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས“འགན་གཙང་བླངས་པ་ཙམ་གྱིས་འཐུས་པ”དང“འགན་གཙང་ལེན་པ་ལས་དོ་དམ་མི་བྱེད་པའི”སྣང་ཚུལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱ་རྒྱུ་རེད།

《གཏན་འབེབས》ནང་སློབ་གྲྭའི་ཟ་ཁང་གི་འགན་འཁྲི་ནན་བཤད་བྱས་ཡོད། ཚན་པའི་ཟ་ཁང་དང་། འགན་གཙང་གཉེར་སྐྱོང་ཁེ་ལས། ཟས་རིགས་མཁོ་འདོན་ཚན་པ་བཅས་ཀྱིས་ཁྲིམས་ལྟར་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའི་བདེ་འཇགས་མི་སྣའི་གནས་ཚུལ་དབྱེ་བ་གསལ་པོ་ཕྱེ་ཡོད། དེའི་ནང་སློབ་གྲྭ་དང་བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཐད་སློབ་སྤྱིའི(ཡོན་ཀྲང)འགན་འཁུར་ལམ་ལུགས་ལག་ལེན་བསྟར་ཏེ། བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའི་བདེ་འཇགས་མི་སྣ་བཀོད་སྒྲིག་ཐད་བཏོན་པའི་བླང་བྱ་ཡང་ལས་ཁུངས་ཀྱི་ཟ་ཁང་སོགས་གཅིག་སྡུད་ཟས་སྤྱོད་ཚན་པ་གཞན་དག་ལས་ནན་པ་ཡོད་པ་རེད།

ཚན་པའི་ཟ་ཁང་དང་། འགན་གཙང་གཉེར་སྐྱོང་ཁེ་ལས། ཟས་རིགས་མཁོ་འདོན་ཚན་པ་བཅས་ཀྱིས་ངེས་པར་དུ“ཉིན་རེའི་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེའི་གྲལ་བཤེར། ཟླ་རེའི་བཀོད་གཏོང”བཅས་ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། 《གཏན་འབེབས》ཀྱི་བླང་བྱ་ལས་འགལ་བའི་སློབ་གྲྭ་དང་བུ་བཅོལ་ཁང་ལ་ཆད་པ་ནན་པོ་གཅོད་དགོས་པའི་གཏན་འཁེལ་ཁ་གསལ་བྱས་ཡོད། 《གཏན་འབེབས》ནང་ད་དུང་ཆ་རྐྱེན་ངེས་ཅན་ལྡན་པའི་སློབ་གྲྭ་དང་བུ་བཅོལ་ཁང་གིས་གཉེར་སྐྱོང་འགན་གཙང་སྤྲད་པའི་རིགས་ལ་སློབ་གྲྭ་དང་བུ་བཅོལ་ཁང་རང་ངོས་ཀྱིས་ཀྱང་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་བཀོད་སྒྲིག་བྱེད་དགོས་པ་བཏོན་ཡོད།

(སྤེན་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)