གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་10ཉིན། 10:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་ས་གནས་ཁག་གིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་དང་། སྲོལ་རྒྱུན་རིག་གནས་བྱེད་སྒོ ཡུལ་སྐོར་བྱེད་སྒོ་སོགས་སྣ་ཚོགས་སྤེལ་བས། རིག་གནས་དང་ཡུལ་སྐོར་ཁྲོམ་ར་བདེ་འཇགས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་བྱུང་ཡོད་པ་རེད། ཚོད་རྩིས་ལ་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོ་ཉིན་གསུམ་རིང་རྒྱལ་ཡོངས་སུ་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་1.26ཟིན་པ་དེ་དུས་མཚུངས་ལས་6.3%འཕར་བ་དང་། རྒྱལ་ནང་ཡུལ་སྐོར་ལ་ཁྱོན་འགྲོ་སོང་སྒོར་དུང་ཕྱུར་575.49བཏང་བ་དེ་དུས་མཚུངས་ལས་6.7%འཕར་ཡོད་པ་རེད།
ས་ཆ་མང་པོའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་གྱི་བྱེད་སྒོ་སྤེལ་ཏེ། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་ཁག་32ཁྱབ་བསྒྲགས་བྱས་ཐོག ས་ཆ་མང་པོ་ཞིག་གིས་སྲོལ་རྒྱུན་རིག་གནས་དང་དར་སྲོལ་མཉམ་འདྲེས་ཀྱི་འཛད་སྤྱོད་རྣམ་པ་བསྐྲུན་ནས“དཔྱིད་དཔལ་ཉམས་སུ་མྱོང་བ་དང་དམངས་སྲོལ་འཚོལ་ཞིབ་བྱེད་པ”སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད།