གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་10ཉིན། 10:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཧྭ་ལུའུ་ཡུའེ།
“རྙིང་པ་གསར་པར་བརྗེ་བའི”སྲིད་ཇུས་ལས་མི་སེར་ལ་ཕན་པ་ཐོབ་ཡོད་མོད། འོན་ཀྱང་བེད་མེད་ལག་ཐོགས་ཁ་པར་རྙིང་པ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ། རླངས་འཁོར་རྙིང་པ་བཅས“གློག་རྡུལ་གད་སྙིགས”སུ་འགྱུར་སྲིད་དམ། ཅ་ལག་རྙིང་པ་ཚུར་བསྡུ་བྱས་ནས་ཐག་གཅོད་བྱེད་པ་དེ་ཡང་སྙིང་བདེ་འཇགས་དང་བློས་འགེལ་ཆོག་པ་ཞིག་ཡིན་ནམ།
—— མི་དམངས་དྲ་བའི་དྲ་གྲོགས་གཅིག་གིས་དེ་ལྟར་དྲིས།
དྲ་གྲོགས་དེས་དྲིས་པ་ནི་དམངས་འཚོའི་སྐོར་གྱི་གླེང་ཆ་ཆེ་བའི་གནད་དོན་ཞིག་རེད་ལ་ལྗང་མདོག་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་ཞིག་ཀྱང་རེད། ཉིན་ཤས་གོང་གསར་འགོད་པར་ཀྲུང་གོ་ཐོན་ཁུངས་འཁོར་རྒྱུག་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཐོན་ཁུངས་འཁོར་རྒྱུག་ལག་ཐོགས་ཁ་པར་བདེ་འཇགས་ཕྱིར་བསྡུ་ཐག་གཅོད་ཀྱི་དཔེ་སྟོན་རྣམ་གྲངས་ཚོད་ལྟ་བྱས་ཟིན་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལ་ཁ་ཕྱོགས་ཏེ། ལག་ཐོགས་ཁ་པར་བདེ་འཇགས་ངང་ཚུར་བསྡུ་བྱས་ནས་ཐག་གཅོད་བྱེད་པའི་ཞབས་ཞུ་འགོ་ཚུགས་ཡོད་པས་འཛད་སྤྱོད་པས“ཉིང་ལྷེབ་རོ་ཏོར་སེམས་ཁྲལ་མེད”ཅེས་པའི་བྱ་རིམ་ཆུང་ངུ་བརྒྱུད་ནས་ཞབས་ཞུ་མངགས་ཆོག་གི་ཡོད།
ལག་ཐོགས་ཁ་པར་ཚུར་བསྡུ་བྱེད་པ་ནི་བློས་འགེལ་ཆོག་པ་ཞིག་ཡིན་ནམ། དེ་ཁ་པར་རྙིང་པ་ཞིག་ཚུར་བསྡུ་བྱས་པའི་བརྒྱུད་རིམ་ནས་འགོ་བརྩམས་ཏེ་གླེང་ན་གསལ་པོ་ཤེས་ཐུབ།
ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་རྒྱལ་ཁབ་ཀྱི་ཁ་གསབ་ཁྱབ་ཁོངས་ནང་བཅུག་རྗེས། ཧྲང་ཧའེ་ཡི་གྲོང་མི་ཀྲང་ལགས་ཀྱིས་ལག་ཐོགས་ཁ་པར་གསར་པ་ཞིག་ཉོས་ཤིང་། ཁ་པར་རྙིང་པ་དེ་སྒོ་རྩའི་ཚུར་བསྡུ་ཚོང་ཁང་ལ་སྤྲད་པ་དང་ཉིན་དེ་རང་ལ་ས་གནས་དེ་གའི་གློག་རྡུལ་ཐོན་རྫས་བཤིག་ནས་ཐག་གཅོད་བྱེད་པའི་འོས་ཐོབ་ལྡན་པའི་ཁེ་ལས་ཤིག་ཏུ་དབོར་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2024ལོར་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུ་བྱེད་ཚད་ཏུན་ཁྲི་63ལས་བརྒལ་བ་དེ་དུས་མཚུངས་ལས་14.83%འཕར་བ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚད་ལྡན་ངང་བཤིག་པའི་གྲངས་འབོར་དུས་མཚུངས་ལས་20%ལྷག་ཙམ་འཕར་བ། མཁོ་མེད་རླངས་འཁོར་ཚུར་བསྡུ་བྱེད་ཚད་ཁྲི་787.2ཟིན་པ་དེ་དུས་མཚུངས་ལས་70.7%འཕར་ཡོད།
“རྙིང་པ་གསར་པར་བརྗེ་བ”ལས་ཚུར་བསྡུ་བྱེད་ཚད་དང་བཤིག་ཚད་གཉིས་ཀ་འཕར་བར་སྐུལ་ཁྲིད་བྱས་ཡོད་མོད། འོན་ཀྱང་དེ་ལས་ཐོན་པའི་དོགས་གནད་ཅིག་ཡོད་པ་ནི་ནུས་པ་ཆེན་པོ་བཏོན་ནས་ཅ་ལག་རྙིང་པ་འདི་དག་ཚུར་བསྡུ་བྱས་པར་ཕན་ཐོགས་ཡོད་མེད་དེ་རེད།
ང་ཚོས་ཕྱོགས་གསུམ་ནས་རྩིས་ཤིག་རྒྱག་ཆོག
ཐོག་མར་ཁོར་ཡུག་སྲུང་སྐྱོང་ཐད་ནས་རྩིས་བརྒྱབ་ན། ལག་ཐོགས་ཁ་པར་རྙིང་པ་ཏུན་1ལས་གསེར་ཁེ་400ཙམ་ལེན་ཐུབ་པ་དང་། མཁོ་མེད་རླངས་འཁོར་གཅིག་ནས་ངར་ལྕགས་སྤྱི་རྒྱ་800ཙམ་དང་མདོག་ལྡན་ལྕགས་རིགས་སྤྱི་རྒྱ་40ཙམ་ཚུར་བསྡུ་བྱེད་ཐུབ་པ། ཁྱིམ་སྤྱོད་གློག་ཆས་རྙིང་པ་ཏུན་1ཚུར་བསྡུ་བྱས་པ་ལས་ཐོན་པའི་བསྐྱར་སྐྱེས་ཐོན་ཁུངས་ཀྱིས་དབྱང་གཉིས་ཐཱན་འགྱུར་སོགས་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཏུན་4.7ཙམ་ཉུང་དུ་གཏོང་ཐུབ་པ་བཅས་རེད། གྲངས་གཞི་དེ་དག་ལས་འཁོར་རྒྱུག་དཔལ་འབྱོར་གྱིས“ཐཱན་གཉིས”ཀྱི་དམིགས་ཚད་ལ་ཐད་ཀར་འདེགས་སྐྱོར་བྱེད་བཞིན་པ་མཐོང་ཐུབ།
དེ་ནས་དཔལ་འབྱོར་ཐད་ནས་རྩིས་ཤིག་བརྒྱབ་ན། རང་རྒྱལ་གྱི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཐོན་ལས་ཀྱིས་མི་ཁྲི་3000ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲེ་ཅང་ཐའེ་ཀྲོའུ་ཡི“ལྕགས་རིགས་བསྐྱར་སྐྱེས་རྟེན་གཞིའི”ལག་ལེན་ལས་དེ་བས་གསལ་བཤད་བྱེད་ཐུབ་པ་སྟེ། འཕྲུལ་གློག་རྙིང་པ་བཤིག་པ་བརྒྱུད་ས་གནས་དེ་གར་ཁེ་ལས་100ལྷག་ཙམ་ཚུད་པའི་ཐོན་ལས་ཁྱུ་ཚོགས་ཤིག་ཆགས་ཡོད་པ་དང་བསྐྱར་སྐྱེས་ལྕགས་རིགས་ཐོན་ལས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་189ཟིན་ནས།《ཟོག་རོ་བསྐྱར་སྤྱོད་མ་ལག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》ནང་གི“ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི”བླང་བྱ་དོན་འཁྱོལ་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
ད་དུང་བདེ་འཇགས་ཐད་ནས་རྩིས་བརྒྱབ་ན། སྐྱེལ་འདྲེན་དང་མེད་པར་བཟོ་བའི་བརྒྱུད་རིམ་ཡོངས་ལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་འབྲེལ་འཛད་སྤྱོད་པར་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཐོན་ཁུངས་འཁོར་རྒྱུག་ལག་ཐོགས་ཁ་པར་བདེ་འཇགས་ཕྱིར་བསྡུ་ཐག་གཅོད་ཀྱི་དཔེ་སྟོན་རྣམ་གྲངས་ཀྱིས“བརྒྱུད་རིམ་ཧྲིལ་པོ་གསལ་པོ་མཐོང་ཐུབ་པ”བྱས་ནས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་འགན་ལེན་བྱས་ཡོད། འདི་ལྟ་བུའི་བདེ་འཇགས་ཀྱི་གདུབ་ཟུམ་རིགས་ནི“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི”གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་སྨོས་མེད་རེད།
རྙིང་པ་ཕྱིར་བསྡུ་བར་ཕན་ཐོགས་ཡོད་ལ་བཀག་རྒྱ་ཡང་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་པ་དཔེར་ན། དངོས་པོ་རྙིང་པ་ཕྱིར་བསྡུ་བར་སྟབས་བདེ་པོ་མེད་པ་དང་སྒོ་རྩར་ཕྱིར་བསྡུ་བྱེད་ས་མེད་པ་དང་། ཚད་ལྡན་གྱི་ཕྱིར་བསྡུའི་རིན་གོང་དམའ་བས་ཁྲོམ་གཞུང་གི་ཁེ་ཚོང་པར་འཚོང་འདོད་བྱེད་པ། ཁེ་ལས་ཀྱི་ལག་རྩལ་དོ་མི་སྙོམས་པས་བསྐྱར་སྐྱེས་རྒྱུ་ཆའི་སྤུས་ཚད་བརྟན་པོ་མེད་པ་སོགས་རེད།
ཁེ་ལས་ལ་ལས་ཀ་མེད་པ་མ་རེད། ཉིས་བརྒྱུད་དྲ་ཐོག་ཚོང་དོན་ལས་སྟེགས་ཞན་ཡུས་ནས་ཐཱན་སྐར་གསོག་པའི་རྩིས་ཐོ་བཟོས་ཏེ་ཅ་ལག་རྙིང་པ་བསྡུས་ན་ཐཱན་སྐར་གསོག་ཆོག་པ་མ་ཟད་ཁེ་ཕན་བརྗེ་ལེན་ཆོག་པ་དང་། ཀེ་ལེ་གློག་ཆས་ཀྱིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུའི་ལས་སྟེགས་བཙུགས་ནས་2024ལོའི་ལོ་མཇུག་བར་བསྐྱར་སྐྱེས་ཟངས་རྒྱུ་དང་། ལྕགས་རྒྱུ། ཧ་ཡང་སོགས་ཏུན་ཁྲི་80ལྷག་ཙམ་དུ་བསྒྱུར་པ་སོགས་རེད།
དེ་རིང་ང་ཚོས“རྙིང་པ་གསར་པར་བརྗེས་རྗེས”ཅ་ལག་རྙིང་པ་གང་དུ་སྤྱོད་ཀྱི་ཡོད་མིན་ཐད་དོ་ཁུར་བྱེད་པ་དེས་རང་རྒྱལ་ལ་གསར་པར་བརྗེ་བའི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་མཚོན་ལ། གོ་ལ་ཧྲིལ་པོའི་ཆ་ཚང་ཤོས་ཀྱི་ཐོན་ལས་མ་ལག་གི་འཁོར་རྒྱུག་ནུས་པའང་མཚོན་ཡོད། མཐར་གཏུགས་ནས་བཤད་ན། དེ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱས་པ་ཞིག་རེད།
“གསར་པར”ཕྱོགས་པའི་འགག་རྩ་ནི“འཁོར་རྒྱུག”ལ་ཐུག་ཡོད།
ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་དགོས”ཞེས་བཏོན་པ་དང“བེད་མེད་དངོས་པོ་འཁོར་རྒྱུག་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་བསྐྱར་སྐྱེས་རྒྱུ་ཆ་སྤྱོད་རྒྱུ་ཁྱབ་གདལ་ཤུགས་ཆེན་གཏོང་དགོས”ཞེས་ནན་བཤད་བྱས་ཡོད། འཁོར་རྒྱུག་དཔལ་འབྱོར་ནི“འདེམས་ཆོག་པའི་དོན་ཚན”ནས“འདེམས་དགོས་ངེས་ཀྱི་དོན་ཚན”དུ་རིམ་སྤོར་བྱུང་སྟེ་འདུ་ཤེས་དང་ལག་རྩལ་ནས་ཞབས་ཞུའི་བར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་འདིའི་ཁྲོད་ཀྲུང་གོའི་དཔལ་འབྱོར་གྱི་ལྗང་མདོག་དང་། རིན་ཐང་། གསར་གཏོད་བཅས་ཀྱི་ཚད་གཞི་དུས་གཅིག་ཏུ་འཕར་ཡོད།
(ཚེ་སྒྲོལ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)