ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་10ཉིན། 10:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
《བསམ་འཆར》ནང་བཏོན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་ཞུགས་སྔོན་སྤེལ་གྱི་འཐབ་ཇུས་ལག་ལེན་བསྟར་བ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སློབ་གསོ་དང་། གསོ་སྦྱོང་། ལས་ཞུགས་བཅས་ལ་སྤྱི་འདོམས་དམ་འཛིན་བྱས་ཏེ། ཐོན་ལས་ཕྱོགས་ཀྱི་ཤེས་ལྡན་པའི་དགོས་མཁོ་དང་ལས་ཞུགས་ཕྱོགས་ཀྱི་གདེང་འཇོག་ཚུར་ལན་མཛུབ་ཁྲིད་དུ་བྱས་ནས་འཁོར་འབྲེལ་ཧྲིལ་པོར་གསོ་སྐྱོང་མཁོ་སྤྲོད་དང་། ལས་ཞུགས་མཛུབ་ཁྲིད། ལས་འཚོལ་གདན་ཞུ། རོགས་སྐྱོར་རོགས་སྐྱོབ། ལྟ་དཔྱད་གདེང་འཇོག་སོགས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་དང་། སྦྱངས་པའི་དགེ་མཚན་འདོན་སྤེལ་བྱེད་པར་ཕན་པའི་ལས་ཞུགས་ལས་གནས་སྔར་བས་མང་བ་གསར་སྤེལ་བྱེད་པ། སྤྲོད་མཁོ་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་དང་ལས་གནས་འཚམ་པ་དང་། འཇོན་མཁན་ལ་སྐུལ་བ། མི་ནུས་གང་ཡོད་འདོན་པ། ལས་ཞུགས་སྤུས་ཚད་ཡག་པོ་དང་བརྟན་པོ་ཡོང་བ་བཅས་བྱེད་དགོས། ལོ་གསུམ་ནས་ལྔ་བར་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། མི་སྣ་ཡོངས་ལ་ཁྱབ་པ་དང་། ནུས་པ་ཆ་ཚང་བ། འགན་སྲུང་ནུས་ལྡན་བཅས་ཀྱི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས།
《བསམ་འཆར》ནང་བཏོན་དོན། གསོ་སྐྱོང་མཁོ་སྤྲོད་མ་ལག་ལེགས་སུ་གཏོང་དགོས་ཤིང་། ཤེས་ལྡན་པའི་འཕེལ་ཕྱོགས་དང་མཁོ་སྤྲོད་གནས་ཚུལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། ཤེས་ལྡན་པའི་དགོས་མཁོའི་གཞི་གྲངས་མཛོད་འཛུགས་པ། ཤེས་ལྡན་པའི་སྤྲོད་མཁོའི་འབྲེལ་བར་སྔ་བསམ་ཕྱི་བལྟས་རང་བཞིན་གྱི་དབྱེ་ཞིབ་བཅས་བྱེད་དགོས། སྤྲོད་མཁོ་འོས་འཚམ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྟོན་ཕྱོགས་སུ་བྱས་ནས་མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་གྲུབ་ཆའི་བཀོད་པ་བབ་བསྟུན་ལེགས་སྒྲིག་བྱས་ཏེ། མཐོ་རིམ་སློབ་གསོའི་གཞི་ཁྱོན་དང་། གྲུབ་ཚུལ། སྤུས་ཚད་བཅས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་དེ་བས་མཐུན་པར་སྐུལ་འདེད་གཏོང་དགོས། སློབ་བསྡུའི་འཆར་གཞི་དང་། ཤེས་ལྡན་པ་གསོ་སྐྱོང་དང་ལས་ཞུགས་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་བསྡུའི་འཆར་གཞི་བགོ་བཤའ་རྒྱག་སྟངས་ལེགས་སུ་གཏོང་བ། མཐོ་སློབ་ཀྱིས་དེ་བས་སྟབས་བསྟུན་གྱི་སློབ་སྦྱོང་ལམ་ལུགས་འཛུགས་རྒྱུར་སྐུལ་མ་གཏོང་བ། ཆེད་ལས་སྒྱུར་བ་དང་ཆེད་ལས་གཞན་དག་ཟུར་སྦྱོང་སོགས་ཀྱི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
《བསམ་འཆར》ནང་ཁ་གསལ་བཏོན་དོན། ལས་ཞུགས་མཛུབ་ཁྲིད་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་། ལས་འཚོལ་ལས་བསྡུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོར་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་གདེང་འཇོག་མ་ལག་གསར་གཏོད་བཅས་བྱེད་དགོས། འཚོ་ཐབས་ཀྱི་སློབ་གསོ་དང་ལས་ཞུགས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་འཆར་འགོད་སློབ་གཞི་དང་། དཔེ་སྟོན་སློབ་ཚན། སློབ་ཁྲིད་གྲུབ་འབྲས་བཅས་ཁག་གཅིག་བཏོད་དེ་ལས་ཞུགས་སློབ་གསོ་དེ་མི་སྣ་ཡོངས་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཡང་དག་པའི་ལས་ཞུགས་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ནས་ལས་ཞུགས་དངོས་སྦྱོང་དང་ལྟ་སྦྱོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གྲྭའི་གདན་ཞུ་དང་ལས་ཞུགས་ཁྲོམ་རའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་རང་བཞིན་དང་ལས་རིགས་རང་བཞིན་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཁྲོམ་ར་ཁག་གཅིག་སྐྲུན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་སོགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་དགོས་མཁོ་སྔོག་འདོན་བྱས་ཏེ་གདན་ཞུའི་བཀོད་སྒྲིག་དང་སྒྲིག་ལམ་ལེགས་སུ་དང་ཚད་ལྡན་དུ་གཏོང་དགོས། བྱེད་པོ་སྣ་མང་གི་ནུས་པ་བཏོན་ནས་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་ཀྱི་འཕར་གཞི་གསར་པ་གསར་སྤེལ་བྱེད་དགོས། དཀའ་ངལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རོགས་སྐྱོར་བྱ་ཡུལ་ལ་ཞབས་ཞུ་དང་རོགས་སྐྱོབ་བྱས་ཏེ་སློབ་གྲྭ་ནས་ཁ་བྲལ་རུང་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མའི་མིང་དངོས་འགོད་པའི་ལས་ཞུགས་རོགས་སྐྱོར་གྱི་བླང་བྱ་དོན་འཁྱོལ་བྱས་ནས“འདུན་པ་ཆེན་པོ་འགྲུབ་རོགས་བྱེད་པའི”ལས་ཞུགས་ནུས་པའི་གསོ་སྦྱོང་རྣམ་གྲངས་ལག་ལེན་བསྟར་ཏེ་གསོ་སྦྱོང་གི་ཁྱབ་རྒྱ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་དགོས། ལས་ཞུགས་ཁྲོམ་རའི་ལས་གནས་ཀྱི་དགོས་མཁོ་དང་སློབ་ཐོན་སློབ་མའི་ལས་ཞུགས་འདུན་པ་སོགས་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྤུས་ཚད་དང་ལས་ཀའི་གདེང་འཇོག་བྱས་འབྲས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་མཐོ་སློབ་ཀྱི་སློབ་གསོ་སློབ་ཁྲིད་དང་། རིག་ཚན་འཛུགས་སྐྱོང་དཔྱད་དཔོག“རྩེ་གྲ་གཉིས”འཛུགས་སྐྲུན་གྱི་ཕན་འབྲས་གདེང་འཇོག་སོགས་རྒྱུ་རྐྱེན་གལ་ཆེན་དུ་བརྩི་དགོས།
《བསམ་འཆར》ནང་བླང་བྱ་བཏོན་དོན། རྒྱབ་སྐྱོར་གྱི་འགན་སྲུང་མ་ལག་སྲ་བརྟན་དུ་གཏོང་དགོས་ཤིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་སྟོབས་ཆེར་བཏང་ནས་གཏན་འབེབས་ལྟར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་དང་། མི་སྣ། ས་གནས། གྲོན་དངུལ་བཅས“བཞི་དམིགས་སར་འབྱོར་བའི”བླང་བྱ་དོན་འཁྱོལ་བྱས་ཏེ་ཆེད་ལས་ཅན་གྱི་ལས་ཞུགས་མཛུབ་ཁྲིད་དགེ་རྒན་དཔུང་ཁག་གཏོད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་འཛིན་ཅན་གྱི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་པ་ཁྱབ་གདལ་བཏང་ནས་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་སྟོབས་ཆེར་གཏོང་དགོས། དྲང་གཞག་གི་ལས་ཞུགས་ཁོར་ཡུག་དང་རྣམ་པ་བཟང་པོ་བསྐྲུན་ནས་སྒྲིག་འཛུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།
(བསོད་བདེ་ཆེ་བས་བསྒྱུར། ལྷག་ཚེས་ཞུས)