འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་10ཉིན།

༄༅།།གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲུང་ཧྭ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་10ཉིན། 09:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་4ཚེས་4ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས་ང་བརྒྱད་པའི་ཚོགས་འདུ་སུའེ་ཙེར་གྱི་རི་ནེ་ཝར་མཇུག་འགྲིལ་ཞིང་། ཚོགས་འདུའི་རིང་ཀྲུང་གོའི་འཐུས་མིས་རྒྱལ་ཁབ་ཀྱི་གཏམ་བཤད་དང་། ཐུན་མོང་གཏམ་བཤད། མཉམ་གཉེར་བྱེད་སྒོ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་དང་འདོད་ཚུལ་འགྲེལ་བཤད་ཧུར་ཐག་བརྒྱབ་པ་དང་། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་སྔར་བས་དགེ་མཚན་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཉམ་ལས་ནང་ཞུགས་པ་དང་། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་བ་དང་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་པ་རེད།

     ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ།

    ཀྲུང་གོས་འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་ནི་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་མི་དམངས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པ་དང་འཛམ་གླིང་གི་འཕེལ་ཕྱོགས་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་བྱས་དོན། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མི་སེར་གྱི་ཚེ་སྲོག་བདེ་འཇགས་བཅས་ལ་སྣང་མེད་གཏོང་བའི་གཏམ་སྤྱོད་ལ་དགག་པ་མཐའ་གཅིག་ཏུ་རྒྱག་དགོས།

    ཟླ་3ཚེས་20ཉིན། ཚོགས་འདུའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་གྱི་ལྷུ་ཚིགས་སུ་གཏམ་བཤད་སྤེལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་ཀྲུང་གོའི་འཐུས་མི་ཁྲེན་ཤུས་ཀྱིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་ས་དང་དོན་ལ་བབས་སར་བརྩི་གི་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བདག་གིས་གདམ་ག་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་ཀྱི་ཡོད་ལ། རང་ངོས་ཀྱི་ལག་ལེན་ལ་བརྟེན་ནས་མིའི་རིགས་ཀྱི་ཆབ་སྲིད་དང་ཤེས་དཔལ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཀྱང་འབུལ་གྱི་ཡོད་ཅེས་བརྗོད་པ་རེད།

     འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་ལ་འགྱུར་བའི་གཏམ་སྤྱོད་ལ་དགག་པ་མཐའ་གཅིག་ཏུ་རྒྱག་པ།

     འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་བྱ་གཞག་ཡིན་པས་ཚང་མས་ཐུན་མོང་ཐོག་གྲོས་མོལ་དང་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་མདུན་ལམ་སེམས་ལ་འཇོག་པ་དང་རྒྱལ་ཁབ་ཁག་གི་བདེ་རྩ་བློར་ངེས་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལག་ལེན་མཁན་དང་། ཤེས་དཔལ་ཕན་ཚུན་སློབ་སྦྱོང་བྱེད་པའི་སྐུལ་འདེད་མཁན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་མཁན་བཅས་བྱེད་ཀྱི་ཡོད།

    ཟླ་2ཚེས་27ཉིན། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་ཕ་ལེ་སི་ཐན་གྱི་མངའ་ཁོངས་བཟུང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་སྙན་ཞུར་སྐད་ཆ་ཤོད་རེས་བྱས་པ་རེད། ཁྲེན་ཤུས་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་སྤེལ་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་བདེན། ཡུན་རིང་བཅས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

     ཟླ་3ཚེས་27ཉིན། ཀྲུང་གོའི་འཐུས་མིས་རིགས་རྒྱུད་ཐ་དད་ལ་མཐོང་ཆུང་མེད་པ་བཟོ་བའི་རྒྱལ་སྤྱིའི་ཉིན་མོར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུའི་ཐོག་ད་ལྟའི་བར་རྒྱལ་ཁབ་ཁ་ཤས་སུ་སྔར་བཞིན་རིགས་རྒྱུད་ཐ་དད་ལ་མཐོང་ཆུང་དང་རིགས་རྒྱུད་རིང་ལུགས་ཀྱི་གནད་དོན་ཟབ་མོ་ལྡན་ཡོད་མོད། འོན་ཀྱང་བྱ་ཐབས་ནུས་ལྡན་སྤྱད་དེ་འགྱུར་ལྡོག་གཏོང་ཐུབ་མེད།

    འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པ།

     ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་དྲང་གཞག་དང་། དངོས་ཡོད། ཆབ་སྲིད་ཅན་མིན་པ། གདམ་གའི་རང་བཞིན་མིན་པའི་རྩ་དོན་བརྩི་སྲུང་བྱས་ཏེ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པ་དང་དྲང་གཞག་དང་། ལུགས་མཐུན། ཁོང་ཡངས་བཅས་ཀྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་གི་ཡོད་པ་རེད།

     ཟླ་2ཚེས་24ཉིན། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོས་བཏོན་པའི་གྲོས་ཆོད་གཞིར་བཟུང་། “《པེ་ཅིང་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》ལོ་སུམ་ཅུ་འཁོར་བའི”མཐོ་རིམ་ཚོགས་འདུ་འཚོགས་པ་རེད། བར་སྣང་དུ་སྐྱོད་མཁན་ཀྲུང་གོའི་བུད་མེད་མཁའ་སྐྱོད་པ་དང་པོ་ལིའུ་དབྱང་གིས་འཛམ་གླིང་གི་ཕུལ་ཏུ་བྱུང་བའི་བུད་མེད་འཐུས་མི་ཡིན་པའི་ངོས་ནས་བརྙན་ལམ་ནས་གཙོ་དོན་གཏམ་བཤད་སྤེལ་ཏེ། དུས་རབས་གསར་པའི་ཀྲུང་གོའི་བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདུ་ཤེས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

     ཟླ་3ཚེས་7ཉིན། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་གྱི་དྲན་གསོའི་བྱེད་སྒོ་དང་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་ལོ་སུམ་ཅུ་འཁོར་བའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་འཚོགས་ཤིང་། རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་གདན་ཞུས་ལྟར་ཚོགས་འདུ་མཉམ་དུ་སྒྲུབ་གཉེར་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས《པེ་ཅིང་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》གྱི་ལམ་ཚད་རྡོ་རིང་གི་དོན་སྙིང་ལ་མགྲིན་གཅིག་ཏུ་ཁས་ལེན་བྱས་པ་དང་། 《པེ་ཅིང་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས་ལོ་30རིང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་དང་ད་ལྟའི་བར་སྔར་བཞིན་ཕྱོགས་ཡོངས་དང་དབང་གྲགས་ཆེ་ཤོས་ཀྱི་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་གྲོས་རིམ་ཡིན་པ་ནན་བཤད་བྱས་པ་དང་། ཕྱོགས་ཁག་ལ་མུ་མཐུད་མཐུན་སྒྲིལ་མཉམ་ལས་བྱས་ནས་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་པ་རེད།

      མིག་སྔར། རྒྱལ་སྤྱིའི་དུས་བབ་ཡོ་ལངས་ཆེ་ལ་བརྟན་པོ་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱེད་པའི་མཚལ་ཡིག་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་ཁག་གི་གྲོས་བསྡུར་ནང་གཏིང་ཟབ་ཞུགས་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རང་འགུལ་ངང་སྐད་ཆ་ཤོད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཉམ་ལས་ལ་རོགས་རམ་བྱེད་པ་བཅས་བྱས་ཏེ་དྲང་གཞག་དྲང་བདེན་དང་། སྒོ་དབྱེ་བསྟུན་མཁས། མཉམ་ལས་གཉིས་ཁེ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ལ་དམིགས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཡོངས་ཁྱབ་ངང་ཐོབ་ཡོད།(འདི་ག་ཚགས་པར་ཁང་དུ་རི་ནེ་ཝ་ནས་འབྱོར་པའི་གློག་འཕྲིན)