ཕྱི་འབྲེལ་པུས་བརྗོད་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་10ཉིན། 09:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་གང་བྱུང་དུ་ལག་བསྟར་བྱེད་པ་དེ་རྒྱལ་ཁབ་ཁག་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དབང་ཆ་འཕྲོག་པ་དང་ཁྱད་མེད་ཅེས་བརྗོད་པ་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་པ་ལས་མངོན་པར། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་འདྲ་མཚུངས་མིན་པ་དང་དཔལ་འབྱོར་གྱི་སྟོབས་ཤུགས་གཅིག་པ་མིན་པའི་གནས་ཚུལ་འོག ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུའི་སྲིད་ཇུས་ལས་རྒྱལ་ཁབ་ཁག་གི་དབུལ་ཕྱུག་ཧེ་བག་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ལ། དར་རྒྱས་ཆུང་བའི་རྒྱལ་ཁབ་ལ་ཕོག་ཐུག་དེ་བས་ཆེ་བ་ཡོང་རྒྱུ་རེད། དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བའི་འབད་བརྩོན་བྱེད་པར་གནོད་སྐྱོན་ཚབས་ཆེན་ཕོག་རྒྱུ་རེད། ཨ་རི་ཕྱོགས་ཀྱིས་ཁྱད་པར་ཅན་གྱི་ཁྲལ་ཚད་ལག་བསྟར་བྱེད་པ་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མཐོང་ཆུང་མི་བྱེད་པའི་རྩ་དོན་དང་འགལ་བ་དང་། རྒྱུན་ལྡན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་ཐོན་ལས་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་ཕོག་པ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གནོད་སྐྱོན་ཚབས་ཆེན་བཏང་བ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་འཕེལ་རིམ་ལ་ཕོག་ཐུག་ཚབས་ཆེན་བཏང་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་ངེས་རེད།
“སྒོ་དབྱེ་མཉམ་ལས་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་གཉིས་ཁེ་གཉིས་ཕན་ནི་མི་སེམས་ཕྱོགས་ས་རེད། འཕེལ་རྒྱས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་ཀྱི་ཁེ་དབང་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཀྱི་ཁེ་བེད་བདག་ཐོབ་མིན”ཞེས་དང་རྒྱལ་ཁབ་ཁག་གིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་གསུམ་གྱི་རྩ་དོན་རྒྱུན་འཁྱོངས་དང་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བཅས་བྱེད་དགོས་ཞེས་ལིན་ཅན་གྱིས་བརྗོད་པ་རེད།