གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 15:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཁོའུ་ཅང་ཙེ།
སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་ཆེས་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་ཡིན་ལ། ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཀྱང་ཡིན།
ན་ནིང་ལོ་མཇུག་ཏུ་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་བྱས་ཡོད། ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།
དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་གཏིང་ཟབ་ངང་ཡག་པོ་རྒྱག་པ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམག་འཐབ་གལ་ཆེན་ཞིག་ཡིན། 2024ལོར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་PM2.5ཡི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝུའེ་ཁེ་29.3བར་ཆག་ནས་ལོ་ལྔའི་རིང་ཚད་ལོན་བརྟན་པོ་བྱུང་ཡོད། རྒྱལ་ཡོངས་ཀྱི་ས་ངོས་ཆུའི་ཆུ་སྤུས་བཟང་ཚད་བཅད་ངོས་ཀྱི་བསྡུར་ཚད་90.4%ཟིན་ནས་ཐེངས་དང་པོར་90%ལས་བརྒལ་ཡོད། རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁྲི་2.5ཡི་ཁོར་ཡུག་བཅོས་སྒྲིག་བྱས་པ་དང་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱེད་ཚད་45%ཡན་ཟིན་ཡོད། ལོ་འཁོར་གྱི་དམིགས་ཚད་ཁག་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཏེ། ཚད་གཞི་སྔར་བས་མཐོ་པོས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་2025ལོར་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ཁེབས་རྒྱ་ཆེར་གཏོང་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྲ་གཟུགས་ཟོག་རོ་དང་སྦགས་བཙོག་དངོས་པོ་གསར་པ་བཅོས་སྒྲིག་བྱེད་སྟངས་གསར་གཏོད་བྱེད་ཀྱི་ཡིན་ཞེས་བརྗོད།
ཇི་ལྟར་བྱས་ནས་དགུང་སྔོན་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་དགོས་སམ། “PM2.5ཡི་གར་ཚད་དམའ་རུ་གཏོང་བ་གཙོ་བོར་བྱས་ཏེ། ཐོན་ལས་དང་། ནུས་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་གྲུབ་ཆ་ལེགས་སྒྱུར་ལེགས་སྒྲིག་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས” སྐྱེ་ཁམས་ཁོར་ཡུག་པུའུ་རླུང་ཁམས་ཆེན་པོའི་ཁོར་ཡུག་སིའི་སི་ཀྲང་ལི་ཐེན་ཝུའེ་ཡིས“ངར་ལྕགས་སྦོམ་པོའི་ཐོན་ནུས་ཀྱི་འབུད་ཚད་ཧ་ཅང་དམའ་བའི་སྒྱུར་བཀོད་རྒྱུན་མཐུད་བྱས་ནས་ཨར་འདམ་དང་རྡོ་སོལ་སྲེག་སྒྱུར་སོགས་ལས་རིགས་ཀྱི་འབུད་ཚད་ཧ་ཅང་དམའ་བའི་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། མེ་གློག་དང་ངར་ལྕགས་སོགས་གཙོ་གནད་ལས་རིགས་ཀྱི་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་ཁེ་ལས་དང་མཚོ་རྒྱུད་ཀྱི་གྲུ་ཁ་གཙོ་བོའི་སྦགས་བཙོག་མེད་པའི་སྐྱེལ་འདྲེན་ལ་སྐུལ་འདེད་གཏོང་བ། ཨན་འབུད་ཚད་ཚོད་འཛིན་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། སོག་མ་བསྲེག་མི་ཆོག་པ་དེར་ཁྲིམས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་ཚོད་འཛིན་བྱེད་པར་སྐུལ་འདེད་བཏང་ནས་ཐལ་རྡུལ་དང་སྣུམ་དུའི་སྦགས་བཙོག་སོགས་རླུང་ཁམས་ཆེན་པོའི་སྦགས་བཙོག་ལ་དོ་དམ་ཞིབ་ཚགས་བྱེད་པར་ཤུགས་སྣོན་རྒྱག་གི་ཡིན”ཞེས་བརྗོད།
“ཆུ་དྭངས་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་དགོས་ཚེ་ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅོས་སྐྱོང་བཅས་ལ་སྤྱི་འདོམས་ཡག་པོ་བྱེད་དགོས”སྐྱེ་ཁམས་ཁོར་ཡུག་པུའུ་ཆུའི་སྐྱེ་ཁམས་ཁོར་ཡུག་སིའི་སི་ཀྲང་ཧོང་ཞའོ་ཙེང་གིས་གཙང་པོ་དང་རྒྱ་མཚོའི་ནང་བཞུར་བའི་བཙོག་འབུད་གཏོང་སར་ལྟ་སྐུལ་དོ་དམ་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་འབབ་རྒྱུད་གཙོ་བོའི་ཆུ་གཞུང་ཨ་མ་དང་། དེ་བཞིན་ཆུ་ཕྲན་གལ་ཆེན་དང་། མཚོ་གཙོ་བོ། མཚོ་ཁུག་གཙོ་བོ་བཅས་ཀྱི་བཙོག་འབུད་བྱེད་སར་བཅོས་སྒྲིག་ལེགས་སྒྲུབ་བྱེད་པ་དང་། ཆུ་ཀླུང་ཡག་པོའི་བསྡུར་ཚད་ཀྱི་དཔྱད་ཞིབ་དམིགས་ཚད་ལེགས་སུ་གཏོང་བ་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་བཙོག་ཆུ་བཅོས་སྒྲིག་གི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་རྒྱུན་མཐུད་སྤེལ་བ། མཚོ་ཁོངས་གཙོ་བོའི་ཕྱོགས་བསྡུས་བཅོས་སྒྲིག་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱ་མཚོར་བཞུར་བའི་ཆུ་བོར་ཏན་ལྡན་ཚད་ཀྱི་བསྡོམས་འབོར་སོགས་སྦགས་བཙོག་བཅོས་སྒྲིག་དང་དོ་དམ་ཚོད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་གི་ཡིན་ཞེས་བརྗོད།
“ས་གཙང་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་དགོས་ཚེ་སྔོན་འགོག་གཙོ་བོར་འཛིན་པ་དང་། ཉེན་ཁར་དོ་དམ་ཚོད་འཛིན། ས་ཆུ་མཉམ་བཅོས་བཅས་མཐའ་འཁྱོངས་བྱེད་པ་དེ་གཙོ་བོ་ཡིན”སྐྱེ་ཁམས་ཁོར་ཡུག་པུའུ་ས་རྒྱུའི་སྐྱེ་ཁམས་ཁོར་ཡུག་སིའི་སི་ཀྲང་ཀྲའོ་ཧྲི་ཤིན་གྱིས་རྫོང་གཙོ་བོའི་ཞིང་སྤྱོད་ས་ཆའི་ས་རྒྱུའི་ལྕི་བའི་ལྕགས་རིགས་སྦགས་བཙོག་གི་ཁུངས་འདེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་སྤྱི་ལེ་1ནང་ཚུན་གྱི་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱིས་ཕྱིར་བསློགས་པའི་ས་ཆའི་ས་རྒྱུའི་སྦགས་བཙོག་ཆེད་དོན་བཅོས་སྒྲིག་བྱེད་པ། ས་ཆའི་ས་རྒྱུའི་སྦགས་བཙོག་དོ་དམ་ཚོད་འཛིན་གཞི་རྩའི་ཐོག་ལེགས་གྲུབ་བྱུང་མིན་ཐད་སྔོན་ལ་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ། ཉིན་རེའི་གཙང་སེལ་གཞི་ཁྱོན་ཏུན་100ཡན་དང་དེ་ཡན་གྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་གྲལ་བཤེར་བཅོས་སྒྲིག་བྱེད་པ། ཞིང་ལས་ཀྱི་སྦགས་བཙོག་མངོན་གསལ་དོད་པའི་ཁུལ་ཁོངས་ལ་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་ཁྱོན་ཅུང་ཆེ་བའི་གྲོང་གསེབ་ཀྱི་བཙོག་ཆུ་གཞི་རྩའི་ཆར་མེད་པར་བཟོ་བ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ཚེ་བརྟན་གྱིས་ཞུས)