འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་9ཉིན།

༄༅།།བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་འགན་བཅོལ་གྱི་འགན་སྲུང་གྲངས་བཅད་མཐོ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་09ཉིན། 15:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་འགན་བཅོལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། འཕྲལ་སྡོམ་དོ་དམ་པུའུ་དང་། ནོར་སྲིད་པུའུ། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་འགན་བཅོལ་ལག་བསྟར་བྱ་ཐབས》བཀྲམ་ནས་བདེ་འཇགས་འགན་འཁྲིའི་འགན་བཅོལ་ཉོ་དགོས་པའི་ལས་རིགས་དང་ཁྱབ་ཁོངས་ཁ་གསལ་བཟོས་པ་སྟེ། གཏེར་རི་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས། ཤོག་སྦག འགྲིམ་འགྲུལ་སྐྱེལ་འདྲེན། འཛུགས་སྐྲུན་ཨར་རྒྱག དམངས་སྤྱོད་འབར་གས་དངོས་རྫས། ལྕགས་རིགས་བཙོ་སྦྱང་། ཉ་ལས་ཐོན་སྐྱེད་སོགས་ཉེན་ཁ་ཆེ་བའི་ལས་རིགས་དང་ཁྱབ་ཁོངས་སྡེ་ཚན་ཡིན།

ལག་བསྟར་བྱ་ཐབས་ནང་ཁ་གསལ་བཏོན་དོན། བདེ་འཇགས་ཐོན་སྐྱེད་ལ་ལྟ་འདོམས་ཀྱི་འགན་འཁྲི་ཡོད་པའི་འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་ལྟར་ལས་རིགས་དང་ཁྱབ་ཁོངས་དེ་གའི་བདེ་འཇགས་འགན་འཁྲིའི་འགན་བཅོལ་ཉོ་ཚུལ་སོགས་ལ་ལྟ་འདོམས་བྱས་ན། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པར་ཕན་ཐོགས་ཡོད་པ་དང་། ཉེན་ཁ་ཆེ་བའི་ལས་རིགས་དང་ཁྱབ་ཁོངས་ཡོངས་སུ་བདེ་འཇགས་འགན་འཁྲིའི་འགན་བཅོལ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། ཉེན་ཁ་ཆེ་བའི་ལས་རིགས་དང་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བཅས་བྱེད་དགོས།

ལག་བསྟར་བྱ་ཐབས་ནང་བདེ་འཇགས་འགན་འཁྲིའི་འགན་བཅོལ་གྱི་འགན་སྲུང་གྲངས་བཅད་མཐོ་རུ་བཏང་ཞིང་། ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཁྲོད་མི་ཤི་བ་དང་དབང་པོ་སྐྱོན་ཅན་དུ་གྱུར་བའི་འགན་འཁྲི་དེ་རྒྱལ་ཡོངས་ཀྱི་འགན་སྲུང་བཅད་གྲངས་དམའ་ཤོས་སྒོར་ཁྲི་30ནས་སྒོར་ཁྲི་40བར་མཐོ་རུ་བཏང་བ་དང་། ས་གནས་ཁག་གིས་རྒྱལ་ཡོངས་ཀྱི་འགན་སྲུང་བཅད་གྲངས་དམའ་ཤོས་ཐོག་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་འགན་སྲུང་བཅད་གྲངས་དམའ་ཤོས་གཏན་འཁེལ་བྱེད་ཆོག ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ས་ཁུལ་ཁ་ཤས་ཀྱི་འགན་སྲུང་བཅད་གྲངས་དམའ་ཤོས་སྒོར་ཁྲི་80ཟིན་ཡོད་པ་རེད། འགན་སྲུང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། བདེ་འཇགས་འགན་འཁྲིའི་འགན་བཅོལ་དེ་འགན་བཅོལ་ཉོ་མཁན་ཁེ་ལས་ཀྱི་ལས་ཞུགས་མི་སྣ་ཡོངས་ལ་ཁྱབ་པར་བྱས་ནས་གནས་སྐབས་གདན་ཞུས་མི་སྣ་དང་མངགས་གཏོང་བྱས་པའི་ངལ་རྩོལ་པ་སོགས་ལས་མི་གླ་སྐུལ་གྱི་འབྲེལ་བ་ཡོད་པའི་མི་སྣ་ལས་ཞུགས་མི་སྣའི་ཁྱབ་ཁོངས་སུ་འཇུག་དགོས་པ་དང་། འགན་བཅོལ་དངུལ་གྲངས་ཀྱི་ཚད་གཞི་གཅིག་པ་ལག་བསྟར་བྱེད་པ་ལས། ལས་མི་གླ་སྐུལ་གྱི་བྱེད་སྟངས་དང་ལས་གནས་སོགས་ལ་གཞིགས་ནས་ཁྱད་པར་གཏོང་མི་ཆོག་པ་ཁ་གསལ་བཏོན་ཡོད། གུན་གསབ་འཇལ་བའི་ཞབས་ཞུ་ལེགས་སུ་བཏང་སྟེ། ལས་འཛོལ་ཚབས་ཆེན་ནམ་ཡང་ན་དཔེ་མཚོན་ལས་འཛོལ་གྱི་གུན་གསབ་མགྱོགས་མྱུར་ཐག་གཅོད་བྱེད་པའི་ལམ་སྲོལ་དང་གུན་གསབ་སྔོན་སྤྲོད་ཀྱི་ལམ་སྲོལ་བཙུགས་ནས་ལས་འཛོལ་ཐོན་རྗེས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་གན་རྒྱའི་ཁ་ཆད་ལྟར་གཏན་འཁེལ་ཟིན་པའི་འགན་བཅོལ་གྱི་གུན་གསབ་གང་མགྱོགས་སྤྲོད་པའམ་ཡང་ན་སྔོན་ལ་སྤྲོད་དགོས་པ་ཁ་གསལ་བཏོན་ཡོད།

ལག་བསྟར་བྱ་ཐབས་ནང“ལས་འཛོལ་སྔོན་འགོག་ཞབས་ཞུའི”ཆེད་དོན་དོན་ཚན་ཁ་སྣོན་བྱས་ཡོད། “བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དེ་ཐོན་སྐྱེད་གཉེར་སྐྱོང་ཚན་པས་འཁུར་དགོས་པ”ཁ་གསལ་བཟོས་ནས་འགན་བཅོལ་ལེན་མཁན་གྱིས་འགན་བཅོལ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ལས་འཛོལ་སྔོན་འགོག་ཞབས་ཞུ་སྤེལ་ཏེ་ཞབས་ཞུའི་ཁྲོད་ཤེས་རྟོགས་བྱུང་བའི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས་པའི་བླང་བྱ་བཏོན་ཡོད། འགན་བཅོལ་སྒྲིག་གཞིས་ལས་འཛོལ་སྔོན་འགོག་ཞབས་ཞུ་མཁོ་འདོན་བྱེད་པའི་བླང་བྱ་ཞིབ་ཚགས་སུ་བཏང་ནས་ལས་འཛོལ་སྔོན་འགོག་ཞབས་ཞུའི་ཉེན་ཁ་ཚོད་འཛིན་ཚོགས་པ་དང་ཆེད་ལས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། འགན་བཅོལ་སྒྲིག་གཞིས་འགན་བཅོལ་ལེན་མཁན་ལ་ལས་འཛོལ་སྔོན་འགོག་ཞབས་ཞུ་སྤེལ་དགོས་ཚེ། དེ་མཚུངས་ཀྱི་ཐོབ་ཐང་ངམ་ནུས་པ་ལྡན་པའི་བདེ་འཇགས་ཐོན་སྐྱེད་ལག་རྩལ་ཞབས་ཞུའི་སྒྲིག་གཞིས་མངགས་བཅོལ་བྱེད་དགོས་པ། འགན་བཅོལ་སྒྲིག་གཞིས་ལས་འཛོལ་སྔོན་འགོག་ཞབས་ཞུའི་འགྲོ་གྲོན་གཏོང་བར་ཁག་ཐེག་བྱས་ཏེ། འགན་བཅོལ་གྲོན་དངུལ་གྱི་21%ལས་མི་མཐོ་བར་གཞིགས་ནས་ལས་འཛོལ་སྔོན་འགོག་ཞབས་ཞུའི་ཆེད་དོན་སྔོན་རྩིས་བཟོས་ནས་དོན་དངོས་གཞིར་བཟུང་འགྲོ་གྲོན་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།

(བདེ་དབང་གིས་བསྒྱུར། ཚེ་ཁོས་ཞུས)