གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་09ཉིན། 14:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གདན་ཞུས་ལྟར་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ཟླ་4ཚེས་10ཉིན་ནས་ཚེས་11ཉིན་བར་ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད། མགྲིན་ཚབ་པས་འཚམས་འདྲི་འདིའི་འབྲེལ་ཡོད་བཀོད་སྒྲིག་ངོ་སྤྲོད་བྱས་ན་ཆོག་གམ། དེ་ནི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལོ་གཅིག་མ་འགོར་བར་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་ང་ཚོ་དོ་སྣང་བྱུང་། ཁྱེད་ཀྱིས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་མཐོ་རིམ་འགྲོ་འོང་ཐེངས་མང་བྱེད་པར་དཔྱད་གཏམ་ཇི་ལྟར་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས། ལིན་ཅན་གྱིས། འཚམས་འདྲི་དེ་ནི་དབུ་བཞུགས་བློན་ཆེན་སང་ཆེ་སིས་ལོ་གསུམ་ནང་ཀྲུང་གོར་འཚམས་འདྲིར་ཕེབས་ཐེངས་གསུམ་པ་དེ་རེད། འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་རྒྱུ་དང་། ཙུང་ལི་ལི་ཆང་གིས་ཁོང་དང་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།
སི་ཕེན་ནི་ཡོ་རོབ་མནའ་འབྲེལ་ནང་གི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་གཞན་པ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད།
ད་ལོ་ནི་ཀྲུང་གོ་དང་སི་ཕེན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དབུ་བཞུགས་བློན་ཆེན་སང་ཆེ་སིས་ད་ཐེངས་འཚམས་འདྲིར་ཕེབས་སྐབས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ལ་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་འབྱེད་མཉམ་ལས་རྒྱ་ཆེར་གཏོང་བ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་སི་ཕེན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འགོ་འཛུགས་ས་གསར་པའི་ཐོག་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།